མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གསར་འགྱུར་རྫུན་མ་འགོད་སྤེལ་བྱེད་མཁན་ཚགས་པར་དང་དུས་དེབ200ལྷག་ལ་ཞིབ་བཤེར་ཐག་གཅོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-23 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས22ཉིན་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་སྐོང་འཚོགས་བྱས་པའི་གསར་འགྱུར་འགོད་སྤེལ་ལ་ཁ་གཡར་ཏེ་རྒྱུ་དངུལ་ཧམ་ལེན་དང་གསར་འགྱུར་རྫུན་མ་སྤེལ་བར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་ལས་དོན་སྙན་ཞུའི་གྲོས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར། གསར་འགྱུར་འགོད་སྤེལ་ལ་ཁ་གཡར་ཏེ་རྒྱུ་དངུལ་ཧམ་ལེན་དང་། རིན་ཡོད་གསར་འགྱུར་སྤེལ་བ། གསར་འགྱུར་རྫུན་མ་སྤེལ་བ་སོགས་ཀྱི་དོགས་པ་ཡོད་པའི་རྐྱེན་གྱིས། སྤྱི་ལོ2013ལོ་ནས་བཟུང་རྒྱལ་ཡོངས་སུ་ཁྱོན་སྒྲིག་སྲོལ་ལས་འགལ་བའི་ཚགས་པར་དང་དུས་དེབ216ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་དང་། གསར་འགོད་ས་ཚིགས49དང་། གསར་འགོད་པ14455འི་ཐོབ་ཐང་རྩིས་མེད་བཏང་ཡོད་པ་རེད།

ཚོགས་འདུའི་ཐོག སྤྱི་ལོ2013ལོ་ནས་མིག་སྔའི་བར། རྒྱལ་ཡོངས་སུ་ཁྱོན་བདག་སྤྲོད་བྱས་པའི་གསར་འགྱུར་ཚགས་པར་དུས་དེབ་ཁྱབ་ཁོངས་ཀྱི་ཐེར་འདོན་གྱོད་གཞི་ཁག400ལྷག་ཟིན་པ་དང་། སྒྲིག་སྲོལ་ལས་འགལ་བའི་ཚགས་པར་དང་དུས་དེབ216ཞིབ་བཤེར་ཐག་གཅོད་བྱས་པ། ཚགས་པར་དང་དུས་དེབ་ཁང76ལས་མཚམས་འཇོག་བཅུག་པ། དེ་མིན་ད་དུང་གསར་འགོད་ས་ཚིགས49དང་། གསར་འགོད་པ14455འི་ཐོབ་ཐང་མེད་པ་བཟོས་པ། གསར་འགོད་ས་ཚིགས193ཞིབ་བཤེར་ནར་འགྱངས་བཏང་ཡོད་པ་བཅས་ཀྱི་བརྡ་ཁྱབ་བཏང་ཡོད་པ་རེད།

གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུད་ཀྲང་གཞོན་པ་སྦྱང་ཅན་སྒོ་ཡིས་གསར་འགྱུར་ལ་ཁ་གཡར་ཏེ་རྒྱུ་དངུལ་ཧམ་ལེན་བྱེད་པ་དང་། གསར་འགྱུར་རྫུན་མ་འགོད་སྤེལ་བྱེད་པ་སོགས་ཀྱི་གྱོད་གཞིའི་ཐོག་ནས་སྲོལ་རྒྱུན་མཚམས་སྦྱོར་ལས་རིགས་ཁག་ཅིག་ལ་དྲ་སྦྲེལ་གྱི་ཕོག་ཐུག་འོག་འཚོ་གནས་ཀྱི་ཉམས་ཉེན་འཕྲད་པ་མངོན་ཡོད་པས། གལ་ཏེ་རྡུང་རྡེག་ཚ་ནན་མ་བཏང་ཚེ་མཚམས་སྦྱོར་ལས་རིགས་ཀྱི་སྤྱིའི་ཡིད་རྟོན་རུང་ཤུགས་དང་ཁྲོམ་རྭའི་དཔལ་འབྱོར་སྒྲིག་ལམ་ལ་གནོད་འཚེ་ཚབས་ཆེན་བཟོ་ངེས་རེད་ཅེས་གསུངས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བྱ་སྤྱོད་ཀྱིས་གོམ་སྟབས་རྗེས་མར་དྲ་ཐོག་གི་ཚུལ་མིན་འདོད་སྲེད་གཙང་ཕྱག་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ཆབས་ཅིག་གསར་འགྱུར་འགོད་སྤེལ་ལ་ཁ་གཡར་ཏེ་རྒྱུ་དངུལ་ཧམ་ལེན་བྱེད་པར་རྡུང་རྡེག་གཏོང་རྒྱུ་དང་། གསར་འགྱུར་མཚམས་སྦྱོར་ལས་རིགས་ཀྱི་ས་གནས་བཅའ་སྡོད་ལས་ཁུངས་གཙང་བཤེར་ལེགས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་སྟེ། རྒྱུ་དངུལ་ཧམ་ལེན་གྱི་ལྐོག་ཇུས་བཤམས་མཁན་གྱི་ཡོལ་རྒྱབ་ཀྱི་ཁྲིམས་འགལ་ལས་ཁུངས་འཚོལ་བཤེར་གཏིང་ཟབ་བྱེད་རྒྱུ་མ་ཟད་མང་ཚོགས་ཀྱི་ཐེར་འདོན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག