མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་དུས་བཅད་ལྟར་ཧང་ག་རིའི་ཙུང་ལི་ལ་ཁ་པར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས16ཉིན་གྱི་དགོང་མོར་དུས་བཅད་ལྟར་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་ལ་ཁ་པར་བཏང་། ཨོ་ཨར་པན་གྱིས་ལིས་ཁི་ཆང་ལ་ཧང་ག་རིའི་རྒྱལ་ཚོགས་ཀྱི་འདེམ་བསྐོའི་གནས་ཚུལ་དང་བཅས་པའི་ཧང་ག་རིའི་སྐབས་གསར་བའི་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གྲོས་གཞི་མཚམས་སྦྱོར་བྱས།

ལིས་ཁི་ཆང་གིས་ཨོ་ཨར་པན་གྱིས་ཧང་ག་རིའི་ན་གཞོན་དམངས་གཙོ་རིང་ལུགས་མནའ་འབྲེལ་གྱི་མགོ་ཁྲིད་ནས་འདེམ་བསྐོ་ཆེན་མོའི་ཁྲོད་དུ་གྲུབ་འབྲས་ལེགས་པོ་བླངས་ཏེ་མུ་མཐུད་དུ་སྲིད་བཟུང་བར་རྟེན་འབྲེལ་དང་ཧང་ག་རིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཁྲོད་དུ་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་པར་སྨོན་འདུན་ཞུས་པ་ཡིན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། སྐུ་ཞབས་ཙུང་ལི་ལགས་ཀྱིས་ད་ལོའི་ལོ་མགོར་ཕུན་སུམ་ཚོགས་པའི་ངང་ནས་ཀྲུང་གོར་འཚམས་འདྲི་བྱས་པ་དང་ང་ཚོ་ཚང་མ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་བཏང་ནས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཡིད་འཐད་བྱུང་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་འཚམས་འདྲིའི་གྲུབ་འབྲས་དངོས་སུ་ལག་བསྟར་དངོས་འབེབ་བྱེད་བཞིན་པའི་སྒང་ཡིན་ལ། ཕྱོགས་གཉིས་ཀྱིས་ད་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པ་མགོ་རྩོམ་སར་བརྩིས་ཏེ། ཕན་ཚུན་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་ཧང་ག་རི་དང་པུའུ་ཏ་ཕེ་སིའི་ལྕགས་ལམ་སོགས་ལས་གཞི་གལ་ཆེན་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཞིང་ཕྱུགས་ལས་དང་གནས་སྐོར་ལས་རིགས་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་སྔར་ལས་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཡར་སྐུལ་གཏོང་དགོས་ཟེར།

ཨོ་ཨར་པན་གྱིས་ཐོག་མར་ཙུང་ལི་ལིས་ཁི་ཆང་ལ་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཧང་ག་རི་ཡི་སྐབས་གསར་བའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་འཁོར་བའི་དགའ་སྟོན་བྱ་འགུལ་བཟང་བོར་སྤེལ་ཏེ། ལས་གཞི་ཆེན་པོའི་མཉམ་ལས་ལག་བསྟར་བཟང་བོ་བྱེད་པ་དང་ཞིང་ལས་དང་མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག