མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྡེ་ཚན་8ཀྱིས་མཉམ་འབྲེལ་ཐོག་བྱ་སྤྱོད་སྤེལ་ནས་གོང་ཁེ་སྤུས་ལེགས་ཀྱི་སྨན་མི་ཆད་འགན་ལེན་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-17 10:15

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་15ཉིན་གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། གོང་ཁེ་བའི་རྒྱུན་སྤྱོད་སྨན་མཁོ་སྤྲོད་དང་འགན་ལེན་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། རང་རྒྱལ་གྱིས་སིལ་འཚོང་རིན་བཅད་མེད་པ་བཟོ་བ་དང་། དྲ་ཐོག་ནས་ཡོངས་བསྒྲགས་ཀྱིས་ཉོ་སྒྲུབ་བྱེད་པ། རྒྱུན་དུ་གསོག་འཇོག་བྱེད་པ། སྔོན་ལ་ཐོ་འགོད་དང་ཞིབ་མཆན་འགོད་པ་སོགས་ཀྱི་བྱེད་ཐབས་གསར་པ་སྤྱོད་རྒྱུ་ཡིན་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་རྫས་དང་སྨན་བཅོས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གིས་ཉིན་ཤས་གོང《གོང་ཁེ་བའི་རྒྱུན་སྤྱོད་སྨན་མཁོ་སྤྲོད་འགན་ལེནལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་འཆམ་བྱས་ཤིང་། ཚེས་15ཉིན་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། འཕེལ་སྒྱུར་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཚོང་དོན་པུའུ། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་སྨྱན་སྦྱོར་གྱི་བརྡ་སྦྱོར་ཚོགས་འདུ་འཚོགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རིན་གོང་དོ་དམ་ལེགས་སུ་གཏོང་བའི་ཐད་བསམ་འཆར་ནང་རྒྱལ་ཁབ་ཀྱི་གོང་ཁེ་བའི་སྨན་རྫས་རྩིས་ཁྲའི་ནང་བཞག་པའི་སྨན་རྫས་ཀྱི་ཞིབ་ཕྲའི་སྣ་ཁར་དམིགས་པའི་སིལ་ཚོང་གི་རིན་གོང་མཐོ་ཤོས་མེད་པ་བཟོ་རྒྱུ་དང་ཐོན་སྐྱེད་གཉེར་སྐྱོང་མཁན་གྱིས་ཉིན་རེའི་ཆ་སྙོམས་ཀྱི་འགྲོ་གྲོན་ཚད་གཞིའི་ནང་སྨན་རྫས་ཀྱི་ཐོན་སྐྱེད་མ་གནས་དང་ཁྲོམ་རའི་མཁོ་སྤྲོད་ཀྱི་གནས་ཚུལ་ལ་གཞིགས་ནས་རང་ཉིད་ཀྱིས་སིལ་འཚོང་རིན་གོང་གཏན་འཁེལ་བྱས་པའམ་ཡང་ན་ལེགས་སྒྲིག་བྱས་ནས་ལུགས་མཐུན་ཁེ་གཙང་འགན་ལེན་བྱེད་ཆོག་པ་དང་། སྤྱོད་ཉུང་བ་དང་ཁྲོམ་རར་དཀོན་པའི་སྨན་རྫས་རྒྱལ་ཁབ་ཀྱི་ཚོད་ལྟའི་གནས་གཏན་འཁེལ་གྱིས་ཐོན་སྐྱེད་བྱེད་པ་དང་རིན་གོང་གཅིག་གྱུར་གཏན་འཁེལ་བྱེད་དགོས་ཞེས་བསྟན་ཡོད།

    ཉོ་སྒྲུབ་བྱེད་ཐབས་འཐུས་ཚང་དུ་གཏོང་བའི་ཐད་བསམ་འཆར་ནང་གོང་ཁེ་བའི་སྨན་རྫས་རྩིས་ཁྲའི་ནང་བཞག་པའི་སྨན་རྫས་དེ་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)ཁག་གི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་སྒྲིག་གཞིས་དེ་མཚུངས་ཀྱི་འོས་བབ་ཞིབ་བཤེར་གྱི་ཐོན་སྐྱེད་ཁེ་ལས་དང་ཐད་ཀར་ཉོ་སྒྲུབ་བྱེད་པ་བརྒྱུད་སྨན་བཅོས་སྒྲིག་གཞིས་རང་མོས་ངང་དྲ་ཐོག་ནས་ཉོ་ཚོང་བྱེད་དགོས་པ་དང་། ཐོན་སྐྱེད་ཁེ་ལས་ཀྱིས་སྡེབ་སྐྱེལ་ཁེ་ལས་ལེགས་འདེམས་བྱས་ཏེ་སྡེབ་སྐྱེལ་ཁེ་ལས་ཀྱི་གཉེར་སྐྱོང་ཁེ་ཕན་འགན་ལེན་དང་སྡེབ་སྐྱེལ་གནས་ལ་འཁེལ་རྒྱུ་འགན་ལེན་བྱེད་དགོས་པ། རྒྱལ་ཁབ་ཀྱི་གནས་གཏན་འཁེལ་གྱི་ཐོན་སྐྱེད་ནང་བཞག་པའི་སྨན་རྫས་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྡེབ་སྐྱེལ་གཅིག་སྡུད་བྱེད་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།

    དཀོན་པའི་སྨན་རྫས་གསོག་འཇོག་བྱེད་པའི་ཐད་བསམ་འཆར་ནང་ཀྲུང་དབྱང་དང་ས་གནས་རིམ་གཉིས་ཀྱི་རྒྱུན་དུ་དཀོན་པའི་སྨན་རྫས་གྲབས་གསོག་བྱེད་པ་དང་། ཀྲུང་དབྱང་གིས་སྨན་རྫས་གྲབས་གསོག་ཐད་སྤྱོད་ཚད་གཏན་འཁེལ་མེད་པའི་དཀོན་པའི་སྨན་རྫས་གྲབས་གསོག་བྱ་རྒྱུ་གཙོ་བོར་བཟུང་དགོས་པ་དང་ས་གནས་ཀྱིས་སྨན་རྫས་གྲབས་གསོག་ཐད་སྤྱོད་ཚད་གཏན་འཁེལ་བའི་དཀོན་པའི་སྨན་རྫས་གྲབས་གསོག་བྱ་རྒྱུ་གཙོ་བོར་བཟུང་དགོས་ཞེས་བསྟན་ཡོད།

    སྲིད་ཇུས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། བསམ་འཆར་ནང་འབྲེལ་ཡོད་སྡེ་ཚན་གྱིས་གོང་ཁེ་བའི་སྨན་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ལག་རྩལ་སྒྱུར་བཀོད་བྱས་ནས་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ནས་པར་གཞི་གསར་པའིGMPཡི་དཔང་བདེན་ར་སྤྲོད་མགྱོགས་མྱུར་ཐོབ་པ་བྱེད་དགོས་པ་དང་། གྲངས་འབོར་ཉུང་ལ་ནད་ཐོག་སྨན་བཅོས་ལ་མཁོ་བའི་འདྲ་བཟོའི་སྨན་རྫས་ཀྱི་ཐོ་འགོད་རེ་ཞུར་སྔོན་ལ་ཞིབ་བཤེར་ཆོག་མཆན་སྤྲོད་དགོས་པ། སྨན་བཅོས་འགན་བཅོལ་གྱིས་སྨན་རིན་སྤྲོད་པའི་བྱེད་ཐབས་ལ་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་སྟེ་སྨན་གྲུབ་མ་སྨན་བཅོས་སྒྲིག་གཞིའི་འཁོར་སྐྱོད་མ་གནས་སུ་འགྱུར་བ་བྱེད་པ་དང་སྨན་བཅོས་སྒྲིག་གཞི་དང་སྨན་དོན་མི་སྣས་རང་འགུལ་ངང་སྨན་གྲུབ་མ་གྲོན་ཆུང་དང་གོང་ཁེ་བའི་སྨན་སྔོན་ལ་སྤྱོད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་དགོས་ཞེས་བསྟན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག