མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཛམ་གླིང་ཐོག་གི་ས་མཐོའི་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་ཤར་གཏོང་ཐུབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-17 10:15

    ཟླ་4ཚེས་15ཉིན་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུས་བཅུ་དྲུག་པའི་ལས་བཟོས་མཚོ་བོད་ལྕགས་ལམ་གྱི་ཀོན་ཅའོ་ཕུག་ལམ་གསར་པའི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུས་པ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་གྱི་ཕྱི་དྲོ་ལམ་ཐག་ཧྲིལ་པོར་སྤྱི་ལེ་32.645ཡོད་པའི་མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་དུམ་བུ་བར་གྱི་ལམ་ཐིག་གཉིས་པའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་ཀོན་ཅའོ་ཕུག་ལམ་གསར་པའི་ཉིས་གཤིབ་ལམ་ཐིག་དངོས་སུ་ཤར་གཏོང་ཐུབ་ཡོད། དངོས་སུ་འཁོར་སྐྱོད་བྱས་རྗེས་མེ་འཁོར་ཀོན་ཅའོ་རི་བོ་སྒྲོལ་བའི་དུས་ཚོད་དེ་ད་ལྟའི་ཆུ་ཚོད་གཉིས་ནས་སྐར་མ་20བར་ཐུང་དུ་འགྲོ་རྒྱུ་རེད།

    མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་དུམ་བུ་བར་གྱི་ལམ་ཐིག་གཉིས་པ་དེ་ཤར་ཟི་ལིང་ནུབ་ཚུགས་ནས་སྟོང་སྐོར་དང་གཏེར་ལེན་ཁ་སོགས་བབས་ཚུགས་བརྒྱུད་གོར་མོ་ནུབ་ཚུགས་བར་ལམ་ཐག་ཧྲིལ་པོར་སྤྱི་ལེ་763.5ཡོད་པ་དང་། ལམ་ཐིག་འཆར་འགོད་སྐྱེལ་འདྲེན་བྱེད་ནུས་ནི་འགྲུལ་སྐྱེལ་རླངས་འཁོར་ཆ་20དང་ལོར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་5000ཟིན་གྱི་ཡོད་པ་རེད།

    ཀོན་ཅའོ་ཕུག་ལམ་གསར་པ་ནི་མིག་སྔར་རྒྱལ་ནང་གི་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་དེ་ཡིན་ལ་འཛམ་གླིང་ཐོག་གི་ས་མཐོའི་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་དེའང་ཡིན། ཕུག་ལམ་དེ་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་དང་ཨོ་ལན་རྫོང་ནང་ཁུལ་གྱི་ཀོན་ཅའོ་རི་བོར་གནས་པ་དང་མཚོ་བོད་ལྕགས་ལམ་ཐེམ་འཕོངས་བབས་ཚུགས་ནས་ཚྭ་ཁ་ནོར་བབས་ཚུགས་བར་གྱི་འཆར་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་160ཡིན་པ་རེད། ཀོན་ཅའོ་ཕུག་ལམ་གསར་པའི་ས་འབབ་མཐོ་ཤོས་སྨི་3497.45ཡིན་པ་དང་། 2007ལོའི་ཟླ་11ཚེས་6ཉིན་ནས་བཟུང་ལས་འགོ་བཙུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀོན་ཅའོ་ཕུག་ལམ་གསར་པ་ཤར་གཏོང་ཐུབ་པ་དེས་ཟི་ལིང་ནས་གོར་མོ་དུམ་བུ་བར་གྱི་ལམ་ཐིག་གཉིས་པ་ཚང་མ་ཤར་གཏོང་ཐུབ་རྒྱུར་ཆ་རྐྱེན་བསྐྲུན་ཡོད། ཟི་ལིང་ནས་གོར་མོ་དུམ་བུ་བར་གྱི་ལམ་ཐིག་གཉིས་པ་བསྐྲུན་ཟིན་རྗེས་མཚོ་བོད་ལྕགས་ལམ་ཐོག་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་མ་ཟད། འདི་ལོ་སྐྱེལ་འདྲེན་གཉེར་སྐྱོང་བྱེད་གྲབས་ཡོད་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དང་འབྱུང་འགྱུར་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སོགས་ལ་སྐྱེལ་འདྲེན་བྱེད་ཤུགས་གྲབས་གསོག་ཐུབ་རྒྱུ་ཡིན་པ་རེད།(བདེ་སྐྱིད་དང་བཀྲ་ཤིས་ཚེ་དབང་གིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག