མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་ནས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཆིག་སྟོང་ལྷག་ཙམ་གྱི་གཞི་རྒྱུ་སེ་འདུས་པའི་ ས་རྒྱུའི་ཐོན་ཁུངས་རྙེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-16 10:31

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ལོ་གསུམ་རིང་ས་གཤིས་བརྟག་དཔྱད་བྱས་པ་བརྒྱུད།ཤིན་ཅང་ས་གཏེར་སྡེ་ཚན་ལ་ཤིན་ཅང་ཐན་ཧྲན་རི་བོའི་བྱང་ལྡེབས་ནས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཆིག་སྟོང་ལྷག་ཙམ་གྱི་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ཐོན་ཁུངས་རྙེད་ནས།ས་གནས་དེ་གའི་ཞིང་ལས་ཐོན་རྫས་ཀྱི་དཔལ་འབྱོར་རིན་ཐང་མཐོ་རུ་གཏོང་རྒྱུར་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཞིག་བྱུང་ཡོད་པ་རེད།

    ཤིན་ཅང་ས་གཏེར་ཅུས་ཆུ་དཔྱད་ལས་གྲྭ་དང་པོའི་ས་གཤིས་རུ་ཆེན་གྱི་རུ་དཔོན་ཏུའུ་ཁའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།2011ལོར་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱིས་ཐན་ཧྲན་རི་བོའི་བྱང་ལྡེབས་སུ་ཡོད་པའི་ཧུའུ་ཐུའུ་པི་སྟེ་ཧྲ་ཝན་ས་ཁུལ་ལ་དམིགས་ཚད་ས་ཁོངས་ཀྱི་ས་གོ་ལའི་རྫས་འགྱུར་བརྟག་དཔྱད་རྣམ་གྲངས་མང་དག་ཅིག་གཤམ་སྤྲོད་བྱས་ཤིང་།ཤིན་ཅང་ས་གཤིས་བརྟག་དཔྱད་ཁང་དང་ཤིན་ཅང་ས་གཏེར་ཅུས་ཆུ་དཔྱད་ལས་གྲྭ་དང་པོའི་ས་གཤིས་རུ་ཆེན་གྱིས་ལས་དོན་སྒྲུབ་འགན་བླངས་པ་རེད།

    2013ལོའི་ལོ་མཇུག་བར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད།ཧུའུ་ཐུའུ་པི་སྟེ་ཧྲ་ཝན་ས་ཁུལ་གྱི་སྤྱི་ལེ་ངོས་གྲུ་ཁྲི་1.01གི་བརྟག་དཔྱད་ཁྱབ་ཁོངས་སུ་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1050ཟིན་པ་དེ་དག་གཙོ་བོ་ཧྲི་ཧོ་ཙེ་གྲོང་ཁྱེར་དང་།ཧྲ་ཝན་རྫོང་གི་བྱང་རྒྱུད་ཞིང་ཁུལ།མཱ་ན་སི་རྫོང་གི་བྱང་རྒྱུད།ཧུའུ་ཐུའུ་པི་རྫོང་གི་བྱང་རྒྱུད་ཞིང་ཁུལ་བཅས་སུ་ཡོད་པ་དང་།ས་རྒྱུ་སྤྱི་རྒྱ་རེར་གཞི་རྒྱུ་སེ་ཆ་སྙོམས་འདུས་ཚད་ཧའོ་ཁེ་0.60ཟིན་པ།འདུས་ཚད་མཐོ་ཤོས་ཧ་ལམ་ཧའོ་ཁེ་8.20ཟིན་པ།གཞི་རྒྱུ་སེ་འདུས་ཚད་མཐོ་བའི་གྲས་སུ་གཏོགས་པ་བཅས་རྩད་གཅོད་རགས་ཙམ་བྱུང་ཡོད་པ་རེད།

    བརྟག་དཔྱད་རྣམ་གྲངས་ལག་བསྟར་བྱས་ཏེ་གཞི་རྒྱུ་སེ་འདུས་པའི་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ལ་ཞིབ་བཤེར་ཚད་ལེན་དང་དབྱེ་ཞིབ་བྱས་པ་བརྒྱུད།ཞིང་ལས་ཐོན་རྫས་ཀྱི་ནང་དུ་གཞི་རྒྱུ་སེ་འདུས་ཚུལ་ཤེས་རྟོགས་བྱུང་ཞིང་།དེའི་ནང་གཞི་རྒྱུ་སེ་འདུས་ཚད་མཐོ་བའི་ཞིང་ལས་ཐོན་རྫས་གཙོ་བོའི་གྲས་སུ་གྲོ་དང་།ཉི་མ་མེ་ཏོགའབུ་སུ་ཧང་།རྒྱ་ཙོང་།སུར་པན།མ་རྨོས་ལོ་ཏོགཞོག་ཁོགརྒུན་འབྲུམ།ཀྲོ་མ་ཀྲུའུ།གང་བུ་སོགས་ཚུད་ཡོད།གཞི་རྒྱུ་སེ་འདུས་པའི་ཞིང་ལས་ཐོན་རྫས་ལ་ཁྲོམ་རའི་མདུན་ལམ་ཡག་པོ་ཡོད་པ་ལས་ས་གནས་དེ་གའི་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་ནུས་པ་ཆེན་པོ་ཞིག་ཐོན་རྒྱུ་རེད།

    “སྐྲན་འགོག་སྨན་མཆོག”ཅེས་བརྗོད་སྲོལ་ཡོད་པའི་གཞི་རྒྱུ་སེ་ནི་མིའི་ལུས་པོར་མཁོ་ཆེ་བའི་ཕྲ་རབ་གཞི་རྒྱུ་ཞིག་ཡིན་པ་དེར་དབྱང་གྱུར་འགོག་པ་དང་མིའི་ལུས་པོའི་ནད་འགོག་ནུས་པ་ཆེ་རུ་གཏོང་བའི་ནུས་པ་ལྡན་ཡོད་པས།གཞི་རྒྱུ་སེ་འཚམ་པོ་གསབ་ཚེ་དབང་པོ་རྒས་པ་དང་དེ་བཞིན་ནད་ལ་འགྱུར་བ་འགྲོ་བ་སོགས་སྔོན་འགོག་བྱ་ཐུབ།རང་རྒྱལ་དུ་གཞི་རྒྱུ་སེ་ཡི་ཐོན་ཁུངས་ཅུང་དཀོན་པོ་ཡོད་ཅིང་།མིག་སྔར་ཅང་ཤིས་དང་།ཀྲེ་ཅང་།ཧའེ་ནན།མཚོ་སྔོན་སོགས་ཞིང་ཆེན་ཉུང་ཤས་ཤིག་ལ་མ་གཏོགས།གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ཐོན་ཁུངས་མེད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག