མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤེས་བྱའི་ཐོན་དབང་ལ་བཙན་གནོད་བྱེད་པ་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་བཟོ་ཚོང་ལ་རྡུང་རྡེག་གཏོང་བའི་2014ལོའི་རྒྱལ་ཡོངས་ཀྱི་ལས་ཀའི་གཙོ་གནད》པར་འགྲེམས་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 09:51

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤེས་བྱའི་ཐོན་དབང་ལ་བཙན་གནོད་བྱེད་པ་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་བཟོ་ཚོང་ལ་རྡུང་རྡེག་གཏོང་བའི་2014ལོའི་རྒྱལ་ཡོངས་ཀྱི་ལས་ཀའི་གཙོ་གནད》པར་འགྲེམས་བྱས་ནས་རྫུན་ལྷད་ཞན་གསུམ་དང་ཚོང་ཟོག་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་ལ་ཁྲིམས་འཛིན་ཐོག་ནས་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་དང་འབྲེལ་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་བས་དེང་རབས་ཅན་གྱི་ཁྲོམ་རའི་མ་ལག་མགྱོགས་མྱུར་འཐུས་ཚང་དུ་གཏོང་རྒྱུ་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་སྐྲུན་རྒྱུར་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།

    《གཙོ་གནད》ནང་ཕྱོགས་དྲུག་གི་ཐད་ནས་གཙོ་གནད་ལས་དོན་32ཁ་གསལ་བཏོན་པ་སྟེ། གཅིག་ནི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་བྱ་རྒྱུ། དྲ་སྦྲེལ་ཐོག་རྫུས་མ་དང་ཁྲིམས་འགལ་བརྡ་ཁྱབ་གཏོང་བ་དང་། རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་འཚོང་བ། པར་དབང་རྐུ་སྤྱོད་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་དང་། ཁྲིམས་ལྟར་ལེ་ཚན་ལྟ་ཉན་བྱེད་མཁན་ཁྲིམས་འགལ་དྲ་ཚིགས་མེད་པ་བཟོས་ནས་དྲ་རྒྱའི་ཚོང་ཟོག་བརྗེ་རེས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དྲ་མཐུད་དང་། ས་མིང་ཐོ་འགོད། ཆ་འཕྲིན་ཞབས་ཞུ་སོགས་གཉེར་སྐྱོང་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཁྲའེ་ཡིའུ་སྣུམ་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ། ཚོང་ལས་གསང་བ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་ཚོང་ལས་གསང་བ་ལ་བཙན་གནོད་ཕོག་པའི་དཔེ་མཚོན་གྱོད་གཞི་ཁྲིམས་ལྟར་འདྲི་གཅོད་དང་ཁྱབ་བསྒྲགས་བྱ་རྒྱུ་དང་།

    གཉིས་ནི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ། ཞིང་སྤྱོད་དངོས་ཟོག་རྫུས་མར་རྡུང་རྡེག་གཏོང་བ་དང“སྤུས་ཚད་ལ་ཞིབ་བཤེར”སོགས་ཀྱི་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་སྨན་རྫུས་མ་དང་འགྲོ་རྒྱུག་ཁྱབ་ཁོངས་སུ་ཚད་དང་མི་མཐུན་པའི་ཚོང་ཟོག་འཚོང་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་དང་འབྲེལ་ཚོང་རྟགས་ཀྱི་དབང་ཆ་དང་། གསུང་རྩོམ་དབང་ཆ། ཁེ་བེད་བདག་ཐོབ་དབང་ཆ། སྐྱེ་དངོས་ཀྱི་སྣ་ཁ་གསར་པའི་དབང་ཆ། ས་ཁམས་ཀྱི་མཚོན་རྟགས། འདུས་གྲུབ་གློག་ལམ་འཆར་འགོད་དང་དེ་བཞིན་ཀྲུང་ཧྭའི་རྙིང་ཁུལ་མིང་ཅན་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་དང་འབྲེལ་ཤེས་བྱའི་ཐོན་དབང་ཐད་འགག་སྒོས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཉེན་ཆས་ཀྱི་པར་དབང་ངོ་མ་ཁྱབ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    གསུམ་ནི་ཉེས་དོན་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཉེས་གསོག་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ། མཉམ་དུ་བྱ་སྤྱོད་སྤེལ་ནས་དྲ་སྦྲེལ་དང་ཐོན་ལས་ཅན་གྱི་ཉེས་གསོག་དྲ་རྒྱ་མེད་པ་བཟོ་རྒྱུ་དང་། ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་བཙན་གནོད་དང་རྫུས་མའི་ཁྱབ་ཁོངས་ཀྱི་འགན་འཛོལ་ཉེས་གསོག་གཙོ་གནད་དུ་བཟུང་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ལས་ཐོག་ཉེས་གསོག་གི་ཆེད་དོན་ལས་དོན་སྔོན་འགོག་དང་བཅོས་སྒྲིག་བྱ་རྒྱུ། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ལ་བཙན་གནོད་དང་རྫུན་བཟོ་བྱེད་པའི་ཉེས་གསོག་གྱོད་གཞིའི་འདྲི་གཅོད་ལས་དོན་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས་བཙན་གནོད་བྱེད་མཁན་གྱི་ཉེས་གསོག་ནུས་པ་དང་ཆ་རྐྱེན་མེད་པ་བཟོ་རྒྱུ།

    བཞི་ནི་སྒྱུར་བཅོས་གསར་གཏོད་ཟབ་ཏུ་བཏང་ནས་ལམ་ལུགས་འཛུགས་རྒྱུ་འཐུས་ཚང་དུ་གཏོང་རྒྱུ། གསུང་རྩོམ་དབང་ཆའི་བཅའ་ཁྲིམས་དང་། ཁེ་བེད་བདག་ཐོབ་བཅའ་ཁྲིམས། སོན་གྱི་བཅའ་ཁྲིམས། ཚོང་རྟགས་བཅའ་ཁྲིམས་བཅས་ཀྱི་ལག་བསྟར་སྲོལ་ཡིག་དང་། ཁེ་བེད་བདག་ཐོབ་ཚབ་བྱེད་སྲོལ་ཡིག་ལ་མགྱོགས་མྱུར་བཟོ་བཅོས་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ཀྱི་ཞིང་ཆེན་རིམ་པ་མན་གྱི་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་མགྱོགས་མྱུར་འཛུགས་རྒྱུ། སྲིད་འཛིན་ཆད་གཅོད་གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་ཁྱབ་གདལ་གཏོང་རྒྱུ། ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་གི“མིང་ཐོ་ནག་པོ”བཟོ་རྒྱུ། བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་ཀའི་ལས་རྗེས་དཔྱད་ཞིབ་བྱེད་སྒོ་སྤེལ་རྒྱུ། གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞིར་ལྟ་སྐུལ་སྤྱི་འདོམས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། གྱོད་གཞི་དང་འབྲེལ་བའི་དངོས་ཟོག་བདག་གཉེར་དང་བཙན་གནོད་ཕོག་པ་དང་ཚོང་ཟོག་རྫུས་མ་གནོད་མེད་ཅན་གྱི་ཐོག་ནས་ཐག་གཅོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུ།

    ལྔ་ནི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། ཁྲིམས་འགལ་སྒྲིག་འགལ་གྱི་ཁེ་ལས་དང་དཔེ་མཚོན་གྱོད་གཞི་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ཏེ་སྦྲེལ་ཚིགས་གལ་ཆེན་དུ་གཅིག་སྡུད་ཐོག་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་སྲིད་གཞུང་དྲ་ཚིགས་གང་ལེགས་སྤྱད་ནས་སྲིད་གཞུང་དང་ཁེ་ལས་དང་། འཛད་སྤྱོད་པ། དབང་ཆའི་མི་སྣ་བཅས་ཕན་ཚུན་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཨ་རི་དང་ཡོ་རོབ་སོགས་དར་རྒྱས་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་ཐད་ཀྱི་གྲོས་གཞི་དང་གྲོས་མོལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་འབོ་གསེར་རྒྱལ་ཁབ་དང་དར་སྐུད་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལམ་རྒྱུད་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ། ཁེ་ལས་ཀྱིས་ཤེས་བྱའི་ཐོན་དབང་ཐད་ཀྱི་ཕྱི་རྒྱལ་དབང་སྲུང་ལས་དོན་སྤེལ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་རྒྱུ།

    དྲུག་ནི་ལས་ཀའི་རྨང་གཞི་བརྟན་དུ་བཏང་ནས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ཐེར་འདོན་ཞུ་གཏུག་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཐེར་འདོན་ཞུ་གཏུག་གི་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐེར་འདོན་གོང་ཞུའི་བྱ་དགའི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་དང་། ཤེས་བྱའི་ཐོན་དབང་གི་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱིས་ཤེས་བྱའི་ཐོན་དབང་གི་ནང་ངོས་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་རོགས་རམ་བྱ་རྒྱུ། གཞི་རིམ་དཔུང་ཁག་དང་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁྲོད་ཐོན་པའི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་འཕྲལ་མར་གཟེངས་བསྟོད་བྱ་རྒྱུ་བཅས་རེད།

    (པ་སངས་ཀྱིས་བསྒྱུར། པ་སངས་དང་མཚམས་གཅོད་ཀྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག