མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁུ་ཁུ་ཤིས་རིར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་སླར་གསོ་མངོན་གསལ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:00

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། སྣོད་བཅུད་ཁོར་ཡུག་ལེགས་སུ་སོང་བ་དང་རྔོན་འགོག་ལས་དོན་རྒྱུན་ཆད་མེད་པར་སྤེལ་སྟབས་ཁུ་ཁུ་ཤིས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཁོངས་སུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་སླར་གསོ་མངོན་གསལ་བྱུང་བའི་ནང་གཙོད་འཚོ་གནས་ཀྱི་ཐོན་ཁུངས་རིམ་པས་ལེགས་སུ་སོང་བའི་དབང་གིས་གྲངས་འབོར་ཁྲི་6ཟིན་ཡོད་པ་རེད།

    ཁུ་ཁུ་ཤིས་རི་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་བུ་ཕྲུག་གིས་རང་རྒྱལ་གྱི“མི་མེད་ལུང་སྟོང”ཆེ་ཤོས་སར་འཚོ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་དང་བརྟག་དཔྱད་བྱ་ཆེད། དོ་དམ་ཅུས་ཀྱིས་ལོ་ལྟར་རི་སྐོར་སྒྲིག་འཛུགས་ཐེངས་མང་བྱས་ནས་སྤྱི་ལེ་ངོས་གྲུ་ཁྲི་4.5ཡི་སར་དྲག་ཆས་སྐོར་གཡེང་བྱས་ཤིང་། 2008ལོ་ནས་བཟུང་ཁུ་ཁུ་ཤིས་རིའི་ཁོངས་སུ་མཚོན་ཆ་འཁྱེར་ནས་རྔོན་རྒྱག་མཁན་བྱུང་མེད་ཅེས་ངོ་སྤྲོད་བྱས།

    ཟླ་3ཚེས་14ནས་ཚེས་20ཉིན་བར་རི་སྐོར་རུ་མི་6ཆ་ལུང་ནས་ཅིན་ཨུའུ་ལན་མཚོ་དང་། ཨ་ཆེན་གངས་རྒྱབ་མཚོ། སྨུག་སའི་སོག་ལམ་སོགས་བརྒྱུད་སྤྱི་ལེ་1000བསྒྲལ་ནས་དེ་སྔོན་རྔོན་རྒྱག་མཁན་མང་པོ་ཐོན་ཞིང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་བྱ་ཡུལ་ལ་ཡོངས་བཤེར་ཉིན་བདུན་བྱེད་རིང་རྔོན་པ་གཅིག་ཀྱང་ཐོན་མེད།

    རི་སྐོར་སྐོར་གཡེང་བྱེད་རིང་སྲུང་སྐྱོང་རུ་མི་ཚོས་གཙོད་དང་། འབྲོང་། རྐྱང་། དགོ་བ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་རང་དགར་རྒྱུག་ནས་རྩྭ་ཟ་བཞིན་པ་མཐོང་རྒྱུ་ཡོད། དེ་སྔོན་མཚོ་བོད་ལྕགས་ལམ་རྒྱུད་དུ་རྐྱང་དང་གཙོད་སོགས་དཀོན་ནའང་ད་ཆ་ཡང་ཡང་མཐོང་རྒྱུ་ཡོད།

    འབྲེལ་ཡོད་སྡེ་ཚན་དང་ཁུ་ཁུ་ཤིས་རི་སྲུང་སྐྱོང་ཁུལ་དོ་དམ་ཅུས་སོགས་སྡེ་ཚན་གྱིས་བརྟག་ཞིབ་རྒྱུན་རིང་བྱས་པ་ལས། ཁུ་ཁུ་ཤིས་རི་སྲུང་སྐྱོང་ཁུལ་ཁོངས་དང་ཉེ་འཁོར་ས་ཁུལ་དུ་གཙོད་ཀྱི་ཁྱུའི་གྲངས་འབོར་ཁྲི་6ཟིན་པ་དེ་སྔོན་མ་སྨྱོ་བ་ལྟར་རྔོན་རྒྱག་པའི་དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ཏུ་ཁྲི་2ཀྱང་མ་ཟིན་པ་ལས་ཁྲི་4ལྷག་ཙམ་མང་དུ་སོང་བ་མངོན་ཡོད།

    བུ་ཕྲུག་གིས་ཉེ་བའི་ལོ་ཤས་ནང་རྔོན་འགོག་བྱ་སྤྱོད་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་དབང་གིས་ཁུ་ཁུ་ཤིས་རི་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ལས་ཀའི་གཙོ་གནད་དེ་སྔོན་མའི་རྔོན་འགོག་ཁོ་ནར་ཕྱོགས་པ་ནས་གྲངས་འཛིན་དོ་དམ་དང་། ཚན་རིག་དང་མཐུན་པའི་སྲུང་སྐྱོང་། ཚན་རིག་ཞིབ་འཇུག ཚན་རིག་ངང་ལྟ་ཞིབ་ཚད་ལེན། རྒྱུན་སྲིང་འཕེལ་རྒྱས་བཅས་ཡོང་བ་བྱེད་པར་བསྒྱུར་ནས་རྒྱལ་ཡོངས་ཀྱི་དཔེ་སྟོན་སྲུང་སྐྱོང་ཁུལ་འཛུགས་པའི་བླང་བྱ་དང་ཚད་གཞི་ལྟར་ཚད་དང་ལྡན་པའི་ངང་འཛུགས་སྐྲུན་བྱས་ཡོད་ཅེས་བཤད། (པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཕན་ཐོགས་དང་པ་ཚེས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག