མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ལའོ་ཝུའོ་རྒྱལ་ཁབ་ཀྱི་ཙུང་ལི་ཐུང་ཞིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:39

ཟླ4བའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝུའོ་རྒྱལ་ཁབ་ཀྱི་ཙུང་ལི་ཐུང་ཞིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས11ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝུའོ་རྒྱལ་ཁབ་ཀྱི་ཙུང་ལི་ཐུང་ཞིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་མཛའ་བརྩེ་ཧ་ཅང་རྩ་ཆེན་ཡིན་པས་གཅེས་སྤྲས་གང་ལེགས་བྱེད་དགོས། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ། ཀྲུང་གོ་དང་ལའོ་ཝུའོ་རྒྱལ་ཁབ་གཉི་ཀ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་ཡོད་པས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། ནམ་ཡང་གྲོགས་པོ་བཟང་བོ་དང་ཁྱིམ་མཚེས་བཟང་བོ་བྱས་ནས། ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་གི་གོམས་སྲོལ་སྲུང་འཛིན་དང་། འཐབ་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས། མི་གཞུང་བརྗེ་རེས་རྒྱ་བསྐྱེད། ནུས་ཁུངས་ཐོན་ཁུངས་དང་སྐྱེ་ཁམས་གནས་སྐོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བཅས་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལྕགས་ལམ་མཉམ་ལས་གྲོས་ཆོད་སྔ་མོ་ནས་འགོད་དགོས་ཞེས་གསུངས།

ཞི་ཅིན་ཕེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་བྱེད་ན་ངེས་པར་དུ་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་གསུམ་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས་ལ། ལའོ་ཝུའོ་རྒྱལ་ཁབ་ཀྱིས་གསར་སྐྲུན་སྒོ་འབྱེད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོས་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་ལའོ་ཝུའོ་ལ་རོགས་རམ་བྱེད་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཐུང་ཞིན་གྱིས་ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོས་ཡུན་རིང་བོར་ལའོ་ཝའོ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པ་དང་། ལྷག་པར་དུ་ལའོ་ཝུའོ་དང་ཀྲུང་གོའི་ལྕགས་ལམ་ལས་གཞི་བཟང་བོར་སྤེལ་འདོད་ཡོད་ཅེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག