མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:39

ཟླ4བའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཝུའུ་རོས་མན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས11ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཝུའུ་རོས་མན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་འབར་མ་གཉིས་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་ཡིན་ལ། ཀྲུང་གོ་དང་འབར་མའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་འཛིན་སྤེལ་བྱེད་པ་དེ་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་མཐུན། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བའི་སྐབས་འདིར། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཁེ་ཕན་ལ་དམིགས་ཏེ། ཀྲུང་གོ་དང་འབར་མའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྤེལ་བའི་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕེན་གྱིས་ཀྲུང་གོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་བཞིན་ཡོད་ལ། འབར་མས་ཀྱང་བཅོས་སྒྱུར་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པས། ཕྱོགས་གཉི་ཀས་དཔལ་འབྱོར་མཉམ་ལས་དང་ཉམས་མྱོང་བརྗེ་རེས་ཐད་སྔར་ལས་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས།

ཏང་ཁག་བར་གྱི་འགྲོ་འོང་གི་སྐོར་གླེང་སྐབས། ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འབར་མ་རྒྱལ་ཁབ་ཀྱི་སྲ་བརྟན་དང་འཕེལ་རྒྱས་ཏང་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། སྲིད་འཛིན་ཉམས་མྱོང་བརྗེ་རེས་ཟབ་མོ་དང་ལས་བྱེད་པའི་གསོ་སྦྱོང་ཐད་ནས་མཉམ་ལས་བྱས་ཏེ། ཏང་ཁག་རང་གི་སྲིད་འཛིན་ནུས་པ་ཇེ་ཆེར་གཏོང་འདོད་ཡོད་ཅེས་གསུངས།

ཝུའུ་རོས་མན་གྱིས་འབར་མ་ཕྱོགས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་བཙུགས་པའི་འབར་མ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་འབར་མའི་རྒྱབ་རྩ་རུ་ལངས་ཏེ། འབར་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་རམ་གནང་བར་བཀའ་དྲིན་ཞུ་བཞིན་ཡོད། འབར་མ་སྲིད་གཞུང་དང་གྲོས་ཁང་གིས་ཀྲུང་གོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་བཞིན་པར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། འབར་མ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་གོང་འཕེལ་ལ་གཏོང་འདོད་ཡོད་ཅེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག