མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧེ་ནན་སློབ་ཆུང་གི་སྤྲོ་གསེང་རླངས་འཁོར་ཆེན་པོ་ཁ་ལོ་འཁོར་བའི་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་གྱི་ཉིན་གུང་། ཧེ་ནན་ཞིང་ཆེན་ན་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་དང་རྒྱལ་དོན་བྱ་འགུལ་ལ་ཞུགས་བཞིན་པའི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ནན་སློབ་ཆུང་གི་སྤྲོ་གསེང་རླངས་འཁོར་ཆེན་པོ་ཁ་ལོ་འཁོར་བའི་དོན་རྐྱེན་ཐད་མཛུབ་སྟོན་གནང་ནས། ཧེ་ནན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་རྨས་ཕོག་པའི་སློབ་མར་མྱུར་སྐྱོབ་སྨན་བཅོས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་ཐུགས་རེ་བཏོན།

ཚེས་བཅུ་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་། ཧེ་ནན་ཞིང་ཆེན་ཁྲིན་མད་རྫོང་མཁར་རྙིང་ཞིན་ཚའེ་སློབ་གྲྭས་རྩ་འཛུགས་བྱས་པའི་སློབ་ཆུང་སློབ་མ་ལྔ་བརྒྱ་དང་གྱ་དྲུག་རླངས་འཁོར་ཆེན་པོ་བཅུ་བཞི་ལ་བསྡད་དེ་ཝུན་ཁྲང་གྲོང་ཁྱེར་དུ་སྤྲོ་གསེང་ལ་སོང་། དེའི་ནང་གི་རླངས་འཁོར་གཅིག་ཝུན་ཁྲང་གྲོང་ཁྱེར་པའོ་ཧྥང་ལམ་ནས་ཁ་ལོ་འཁོར་ཏེ། སློབ་མ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། སློབ་མ་སོ་གཉིས་ལ་རྨས་ཕོག་ཅིང་། དེའི་ནང་གི་མི་བཞིའི་རྨས་ཧ་ཅང་ལྗིད།

གནས་ཚུལ་དེ་གོ་རྗེས། ཙུང་ལི་ལིས་ཁི་ཆང་གིས་དེ་མ་ཐག་མཛུབ་སྟོན་གནང་ནས། ཧེ་ནན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་རྨས་ཕོག་པའི་སློབ་མར་མྱུར་སྐྱོབ་སྨན་བཅོས་བྱེད་དགོས་པ་དང་། སློབ་མའི་སེམས་གསོ་དང་འབྲེལ་ཡོད་བྱ་བ་མཐའ་དག་ཞིབ་ཚགས་དང་བཟང་བོར་བསྒྲུབ་དགོས་པའི་ཐུགས་རེ་བཏོན།

དཔྱིད་དབྱར་གྱི་དུས་ཚིགས་སུ་སློབ་ཕྱིའི་བྱ་འགུལ་ཅུང་མང་བའི་གནས་ཚུལ་ལ་དམིགས་ཏེ། ལིས་ཁི་ཆང་གིས་སློབ་གསོ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། འགྲིམ་འགྲུལ་དང་བཟའ་བཏུང་། འགྲོ་འདུག་སོགས་ཐད་ལ་དོ་དམ་ནན་མོ་བྱེད་པ་དང་། སློབ་མའི་ཚེ་སྲོག་གི་བདེ་འཇགས་ལ་དངོས་སུ་འགན་སྲུང་བྱས་ཏེ། བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས་པའི་ཐུགས་རེ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག