མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧྥན་ཁྲང་ལུང་གིས་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧཱ་ཀིར་ལ་ཐུག་འཕྲད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:39

ཟླ4བའི་ཚེས8ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་པེ་ཅིན་ཟུར་བརྒྱད་ཐོག་ཁང་ཆེན་མོ་ནས་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧཱ་ཀིར་ལ་ཐུག་འཕྲད་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་ཚེས8ཉིན་གྱི་ཕྱི་དྲོར་ཟུར་བརྒྱད་ཐོག་ཁང་ཆེན་མོ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧཱ་ཀིར་སོགས་ལ་ཐུག་འཕྲད་བྱས།

ཧྥན་ཁྲང་ལུང་གིས་བསྟན་དོན། ཅང་མ་འགོར་བའི་སྔོན་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཨོ་པཱ་མཱ་གཉིས་ཀྱིས་ཧི་ལན་གྱི་ཉིང་རྡུལ་བདེ་འཇགས་མཐོ་རིམ་གྲོས་ཚོགས་སྐབས་གྲོས་མོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་པའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་རྒྱུ་བསྐྱར་སྒྲོག་བྱས། ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གཉིས་ཀྱིས་དེང་སྐབས་ཀྱི་འབྲེལ་བའི་རྣམ་པ་བཟང་བོར་གཅེས་སྤྲས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་དམག་དོན་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་ཡར་སྐུལ་གཏོང་དགོས་ཟེར།

ཧྥན་ཁྲང་ལུང་གིས་བཤད་རྒྱུར། པུའུ་ཀྲང་ཧཱ་ཀིར་གྱིས་ཉེ་སྔོན་ཨ་མེ་རི་ཁ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་དངོས་གཞི་མིན་པའི་ཐུག་འཕྲད་དང་འཇར་པན་དུ་འཚམས་འདྲི་བྱེད་པའི་སྐབས་སུ་སྤེལ་བའི་དཔྱད་གཏམ་རེ་འགར་ཀྲུང་གོའི་མི་དམངས་ཡིད་འཐད་བྱུང་མེད། ཏའོ་ཡུས་གླིང་ཕྲན་གྱི་གནད་དོན་ཐད་ནས་ཨ་མེ་རི་ཁས་ཡང་དང་བསྐྱར་དུ་ཕྱོགས་གང་ལའང་འབྲེལ་བ་མི་བྱེད་པར་བཤད་ཀྱང་། པུའུ་ཀྲང་གིས་འཇར་པན་གྱིས་ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་གཏོར་བར་དགའ་བསུ་བྱེད་པའི་ཚུལ་བསྟན་ནས་འཇར་པན་ལ་རྒྱབ་སྐྱོར་བྱས་པ་ནི་བློས་དཔོག་དཀའ་བ་ཞིག་རེད། ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་ཐད་ནས། ཀྲུང་གོས་ལྷོ་ཕྱོགས་རྒྱ་མཚོའི་བདག་དབང་ཐད་འཛིན་པའི་འདོད་ཚུལ་ནམ་ཡང་འགྱུར་བ་མེད་པ་དང་། དེར་ལོ་རྒྱུས་ཀྱི་གཞི་འཛིན་ས་ཡོད། ཧྥེ་ལེ་པེན་གྱིས་ཀྲུང་གོའི་ལྷོ་ཕྱོགས་གླིང་ཕྲན་བཙན་བཟུང་བྱས་ཀྱང་པུའུ་ཀྲང་གིས་ཧྥེ་ལེ་པེན་ལ་འགེབས་སྲུང་བྱས་ཏེ་ཀྲུང་གོར་སྐྱོན་འཛུགས་བྱས། དེང་སྐབས་མཚོ་འགག་འགྲམ་གཉིས་ཀྱི་གནས་བབ་ཞི་བས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོའི་འོག་ཏུ། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་ཚེས་བདུན་ཉིན་ཐེ་ཝན་དང་འབྲེལ་བའི་གྲོས་གཞི་ལ་གྲོས་མཐུན་བཀོད་དེ། མཚོ་འགག་འགྲམ་གཉིས་ཀྱི་གནས་བབ་ལ་གཏོར་བརླག་བྱས་པ་དེ་ནི་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨ་མེ་རི་ཁས་འགན་ཁུར་བའི་རྒྱལ་ཁབ་ཆེན་མོ་ཞིག་གི་ཚད་ནས་ས་ཁུལ་གྱི་བརྟན་འཇགས་དང་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་གྱི་འཕེལ་རྒྱས་ལ་ཕན་པའི་བྱ་བ་གང་མང་བསྒྲུབ་དགོས་ཟེར།

ཧཱ་ཀིར་གྱིས་ཧྥན་ཁྲང་ལུང་གིས་སྦ་གསང་མེད་པའི་གཏམ་བཤད་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ངས་ནམ་རྒྱུན་ཀྲུང་གོའི་མི་དམངས་ལ་བརྩི་འཇོག་བྱེད་པ་ཡིན། ངས་ཐེངས་འདིར་འཚམས་འདྲི་བྱེད་སྐབས་ཀྲུང་གོའི་དམག་དཔུང་གི་མགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་རྣམ་པ་གསར་བའི་འབྲེལ་བ་འཛུགས་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པར་གྲོས་བསྡུར་བྱས་པ་དང་། དམག་དཔུང་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པ་དང་འགལ་བ་ཐག་གཅོད་བཟང་བོ་བྱེད་པར་ཁས་ལེན་བྱས། ཨ་མེ་རི་ཁ་སྲིད་གཞུང་གིས་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོའི་ཚུན་ལ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། ཐེ་ཝན་དང་ཀྲུང་གོའི་སྐམ་ས་ཆེན་མོའི་ཞི་བའི་གཅིག་གྱུར་ལ་རྒྱབ་སྐྱོར་བྱས། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་ཨུ་ཡོན་ལྷན་ཁང་ག་གེ་མོའི་གྲོས་གཞི་ཡིས་སྲིད་གཞུང་གི་སྲིད་ཇུས་ཀྱི་ཚབ་བྱེད་མི་རུང་ཟེར། ཧཱ་ཀིར་གྱིས་བསྐྱར་སྒྲོག་བྱས་དོན། ཨ་མེ་རི་ཁས་བདག་དབང་གི་རྩོད་གཞིར་འབྲེལ་བའི་གནད་དོན་ཐད་ནས་ལངས་ཕྱོགས་ཅི་ཡང་བཟུང་མེད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་ཕྱི་འབྲེལ་བྱེད་ཐབས་ལ་བརྟེན་ནས་རྩོད་གཞི་ཞི་བས་ཐག་གཅོད་དགོས། ང་རང་ཉིད་ཀྱིས་ཀྱང་འཇར་པན་དང་ཧྥེ་ལེ་པེན་ལ་རྒྱབ་སྐྱོར་བྱས་པ་མིན་ལ། ཕྱོགས་སོ་སོས་མཉམ་ལས་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག