མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁྲང་ཝན་ཆོན་གྱིས་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧཱ་ཀི་ཨར་ལ་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:39

རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་མན་ཁྲང་ཝན་ཆོན་གྱིས་ཚེས8ཉིན་གྱི་སྔ་དྲོར་བརྒྱད་གཅིག་ཐོག་ཁང་ཆེན་མོ་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧཱ་ཀི་ཨར་ལ་གྲོས་མོལ་བྱས། འདི་ནི་གྲོས་མོལ་གྱི་སྔོན་ལ་ཁྲང་ཝན་ཆོན་གྱིས་ཧཱ་ཀི་ཨར་ལ་དགའ་བསུའི་མཛད་སྒོ་བསྡུས་པ་མ་ཟད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རྣམ་གསུམ་གྱི་གཟབ་སྦྲེངས་རུ་ཁག་ལ་གཟིགས་ཞིབ་བྱེད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་མན་ཁྲང་ཝན་ཆོན་གྱིས་ཚེས8ཉིན་གྱི་སྔ་དྲོར་བརྒྱད་གཅིག་ཐོག་ཁང་ཆེན་མོ་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧཱ་ཀི་ཨར་ལ་གྲོས་མོལ་བྱས།

ཁྲང་ཝན་ཆོན་གྱིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་སོ་ལྔ་ལོན་པའི་ལོ་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་བརྟན་བརླིང་དང་བློ་བརྟན་འགྱུར་མེད་སྒོས་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་གི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དང་འཛམ་གླིང་གི་ཡུན་རིང་གི་ཞི་བདེ་དང་བརྟན་འཇགས་ལ་ཡང་འབྲེལ་བ་ཡོད་ཟེར།

ཁྲང་ཝན་ཆོན་གྱིས་ན་ནིང་གི་ཚན་གྱི་ཀྲུང་གོ་དང་ཨ་རིའི་དམག་དཔུང་བར་གྱི་འབྲེལ་བའི་ཐད་ཀྱི་འཕེལ་རིམ་གལ་ཆེན་ལ་གདེང་འཇོག་གང་ལེགས་བྱས་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཕ་རོལ་བས་སེམས་ཁུར་བྱེད་པའི་ཁེ་ཕན་གཙོ་བོར་བརྩི་བཀུར་བྱེད་པ། དམག་དཔུང་བར་གྱི་དངོས་གཉེར་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ཉམས་ཉེན་དང་ཉེན་ཁར་ཕན་ནུས་ལྡན་པའི་ཚོད་འཛིན་བྱེད་པ། འགལ་བ་དང་རྩོད་གཞི་གལ་ཆེན་འོས་འཚམ་སྒོས་ཐག་གཅོད་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་དམག་དོན་འབྲེལ་བ་བདེ་བླག་དང་བརྟན་འཇགས་ངང་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བཤད།

ཧཱ་ཀི་ཨར་གྱིས་ཀྲུང་གོས་ཁོར་ལེའོ་ཉིན་རྟགས་ཅན་གྱི་མཁའ་སྐྱོད་མ་གྲུ་ལ་ལྟ་སྐོར་བྱེད་དུ་བཅུག་པར་བཀའ་དྲིན་ཞུས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ཏེ་འགྲན་རྩོད་གལ་ཆེན་ལ་མཉམ་དུ་ཁ་གཏད་འཇལ་དགོས་པའི་རེ་བ་བཏོན། ཧཱ་ཀི་ཨར་གྱིས་དེང་སྐབས་ཀྱི་ཨ་མེ་རི་ཁ་དང་ཀྲུང་གོའི་དམག་དཔུང་གི་འབྲེལ་བའི་འཕེལ་ཚུལ་ལ་གདེང་འཇོག་བཟང་བོ་བྱས། ཁོས་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་བར་གྱི་རྣམ་པ་གསར་བའི་དམག་དོན་འབྲེལ་བ་གོང་འཕེལ་དུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

ཕྱོགས་གཉིས་ཀྱིས་ད་དུང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ཁྲང་ཝན་ཆོན་གྱིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་ཐེ་ཝན་དང་འབྲེལ་བའི་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་བའི་ཐད་ནས་ཨ་མེ་རི་ཁར་ཧ་ཅང་མ་དགའ་བའི་ཚུལ་བསྟན་པ་དང་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ལ། ཉེ་བའི་དུས་སྐབས་ཤིག་གི་ཨ་མེ་རི་ཁའི་འགོག་སྲུང་དང་སྲིད་གཞུང་གི་དཔོན་རིགས་ཀྱི་ཏེའོ་ཡུས་གླིང་ཕྲན་དང་རྒྱ་མཚོ་ལྷོ་མ་སོགས་གནད་དོན་ཐད་ཀྱི་ནོར་འཁྲུལ་གྱི་གཏམ་སྤྱོད་ལ་དགག་ལན་སྤྲད་པ་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་ནོར་འཁྲུལ་གྱི་གཏམ་སྤྱོད་ཡོ་བསྲང་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་བཏོན། ཁྲང་ཝན་ཆོན་གྱིས་བསྟན་དོན། ཨ་མེ་རི་ཁས་འབྲེལ་ཡོད་གནད་དོན་གྱི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཀྲུང་གོའི་ལངས་ཕྱོགས་ལ་དངོས་སུ་བརྩི་བཀུར་བྱས་ཏེ། མངའ་ཁོངས་ཀྱི་རྩོད་གཞིའི་ཐད་ནས་གཏམ་སྤྱོད་ལ་མཉམ་བཞག་སྟེ་ནོར་འཁྲུལ་མི་འབྱུང་བར་བྱེད་དགོས་ཟེར།

གྲོས་མོལ་བྱས་ཚར་རྗེས། ཁྲང་ཝན་ཆོན་དང་ཧཱ་ཀི་ཨར་གཉིས་ཀྱིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། གྲོས་མོལ་གྱི་སྔོན་ལ། ཁྲང་ཝན་ཆོན་གྱིས་ཧཱ་ཀི་ཨར་ལ་དགའ་བསུའི་མཛད་སྒོ་བསྡུས་པ་མ་ཟད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རྣམ་གསུམ་གྱི་གཟབ་སྦྲེངས་རུ་ཁག་ལ་གཟིགས་ཞིབ་བྱས།

ཧཱ་ཀི་ཨར་ནི་ཁྲང་ཝན་ཆོན་གྱིས་གདན་དྲངས་པ་ལྟར་ཚེས་བདུན་ཉིན་ཆིན་ཏའོ་ལ་ཐོན་ནས། ཀྲུང་གོར་ཉིན་བཞིའི་རིང་གི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་ཡིན་ལ། ཆིན་ཏའོ་ནས་ཧཱ་ཀི་ཨར་གྱིས་མཚོ་དམག་གི་ལེའོ་ཉིན་རྟགས་ཅན་གྱི་མཁའ་སྐྱོད་མ་གྲུ་ལ་ལྟ་སྐོར་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག