མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཐོབ་ཁྲལ་ཕྱེད་བཅག་གི་གཟིགས་སྐྱོང་ཁྱབ་ཁོངས་ཆེ་རུ་བཏང་སྟེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱ་ཐབས་གསར་པ་བཏོན་ནས་ཁེ་ལས་ཆུང་གྲས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-08 10:25

    དེ་གོང་རང་རྒྱལ་གྱིས་ལོར་ཁྲལ་འཇལ་རྗེས་ཁེ་སྤོགས་སྒོར་ཁྲི་6ལས་དམའ་བའི་ཁེ་ལས་ཆུང་གྲས་ལ་ཐོབ་ཆའི50%ཁྲལ་ཁོངས་སུ་བརྩིས་ནས་ཐོབ་ཁྲལ་ཕྱེད་ཀ་བཅག་སྟེ་བསྡུ་རྒྱུ་ཡིན་པ་གཏན་འབེབས་ཁ་གསལ་བྱས་ཡོད། རྒྱལ་ཁབ་དཔྱ་ཁྲལ་སྤྱི་ཁྱབ་ཅུས་ཀྱི་བསྡོམས་རྩིས་ལས་ད་ཆ་ཁེ་ལས་ཆུང་གྲས་ཁྲི་120ལས་བརྒལ་བས་གཟིགས་སྐྱོང་སྲིད་ཇུས་དེ་ལོངས་སུ་སྤྱོད་རྒྱུའི་འདུན་ཞུ་བྱས་པ་མངོན་ཡོད།

    ད་ཐེངས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ད་རེས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་ཐོབ་ཡུལ་གྱི་ཐེམ་ཁ་དམའ་རུ་བཏང་ནས་ལོར་ཁྲལ་འཇལ་ཕུད་པའི་ཁེ་གཙང་སྒོར་ཁྲི་9ཡན་བརྒལ་རིགས་ལ“གཟིགས་སྐྱོང་བྱ་ཤུགས་ཆེ་རུ་བཏང་བ”ལས་ཁེ་ལས་ཆུང་གྲས་སྔར་ལས་མང་བར་ཐོབ་ཁྲལ་གྱི་གཟིགས་སྐྱོང་ཕན་པ་ལོངས་སྤྱོད་ཐུབ་རྒྱུ་ཡིན་པ་རེད།

    ཁེ་ལས་ཆུང་གྲས་ནི་ཀྲུང་གོའི་ཁེ་ལས་ཀྱི“ཁྲག་རྩ་ཕྲ་མོ”ལྟ་བུ་ཡིན། མ་གཞི་གཞི་ཁྱོན་དེ་ཙམ་ཆེན་པོ་མེད་ཀྱང་གྲངས་འབོར་ཧ་ཅང་ཆེན་པོ་ཡོད། དབང་གྲགས་སྡེ་ཚན་གྱི་བསྡོམས་རྩིས་ལ་གཞིགས་ན། ན་ནིང་གི་ལོ་མཇུག་བར་ཁེ་ལས་ཆུང་གྲས་ཁྱོན་ཁྲི་1169.87ཟིན་ནས་རྒྱལ་ཡོངས་ཀྱི་ཁེ་ལས་བསྡོམས་འབོར་གྱི་བརྒྱ་ཆ་བརྒྱད་ཙམ་ཟིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་ཁེ་ལས་ཆུང་གྲས་ཀྱི་གནས་སྟངས་ལེགས་སུ་གཏོང་ཆེད། རང་རྒྱལ་གྱིས་ཁྲལ་འཇལ་གྱི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་བཏོན་ཡོད། རྒྱལ་ཁབ་དཔྱ་ཁྲལ་སྤྱི་ཁྱབ་ཅུས་ཀྱི་བསྡོམས་རྩིས་ལས། ད་ཆ་ཁྲལ་འཇལ་གཟིགས་སྐྱོང་སྲིད་ཇུས་ལས་རང་རྒྱལ་གྱི་ཁེ་ལས་ཆུང་གྲས་ཁྲི་1000ཙམ་ལ་ཐད་ཀར་ཕན་པ་ཐོབ་པ་མངོན་ཡོད། དེའང་ཐོབ་ཁྲལ་ཕྱེད་ཀ་བཅག་པའི་གཟིགས་སྐྱོང་སྲིད་ཇུས་ཕུད། ན་ནིང་གི་ཟླ་8ཚེས་1ཉིན་ནས་བཟུང་རང་རྒྱལ་གྱིས་ཁེ་ལས་ཆུང་གྲས་ཁྲོད་ཟླ་རེའི་ཡོང་སྒོའམ་ལས་གཉེར་ཡོང་སྒོ་སྒོར་ཁྲི་2མ་ཟིན་པའི་གཞི་ཁྱོན་ཆུང་བའི་གནས་ཐང་འཕར་ཁྲལ་འཇལ་མཁན་དང་ལས་གཉེར་དཔྱ་ཁྲལ་འཇལ་མཁན་ལ་གནས་ཐང་འཕར་ཁྲལ་ལམ་ཡང་ན་ལས་གཉེར་དཔྱ་ཁྲལ་གནས་སྐབས་རྩ་ཆག་བཏང་བ་དེས་ཁེ་ལས་ཆུང་གྲས་ཁྲི་600ལ་ཕན་པ་ཐོབ་ཡོད།

    གཞན་ཡང་། ཁེ་ལས་ཆུང་གྲས་མང་པོ་ཞིག་ལ་ཁྲལ་འཇལ་གཟིགས་སྐྱོང་སྲིད་ཇུས་ལས་ཕན་པ་ཐོབ་པ་དཔེར་ན། དཔྱ་ཁྲལ་རྩ་ཆག་བཏང་བ་དང་། དངུལ་རྩའི་སྒྲིག་གཞིའི་འཛིན་ཁྲལ་ཉུང་དུ་བཏང་བ། ལས་གཉེར་དཔྱ་ཁྲལ་རྩ་ཆག་དང་ཉུང་དུ་བཏང་ནས་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་ལྟ་བུ་སོགས་ཡིན། ན་ནིང་ཁེ་ལས་ཆུང་གྲས་ཁྲི1000བརྒལ་བར་དངུལ་བུན་ཐོབ་ཡོད།

    གསར་འགོད་པས་ནོར་ཁྲལ་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཐོབ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་ལག་བསྟར་བྱེད་རྒྱ་ཆེ་རུ་བཏང་བ་ཕུད། མུ་མཐུད་ཁྱབ་རྒྱ་ཆེ་རུ་གཏོང་བཞིན་པའི་ལས་གཉེར་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟའི་ནང་དུའང་ཁེ་ལས་ཆུང་གྲས་སྔར་ལས་མང་བར་ཕན་པ་ཐོབ་པ་བྱས་ཡོད། འདི་ལོ་ལས་གཉེར་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་དུ་བསྒྱུར་རྒྱུའི་སྐོར་གྱི་ཚོགས་འདུའི་ཐོག་འཕྲིན་གཏོང་ལས་རིགས་ཀྱང་ཚོད་ལྟའི་ཁོངས་སུ་བཅུག་ནས་གོམ་སྟབས་རྗེས་མར་འཚོ་བའི་ཞབས་ཞུ་ཚུད་པའི་ཞབས་ཞུའི་ལས་རིགས་སྔར་ལས་མང་བ་ཞིག་ཚོད་ལྟའི་ཁོངས་སུ་བཅུག་རྗེས་ཁེ་ལས་འབྲིང་གྲས་དང་ཁེ་ལས་ཆུང་གྲས་ཁྲི་བརྒྱ་ཕྲག་གི་བཟུང་བའི་བསྡུར་ཚད་ཧ་ཅང་མཐོ་བ་དེ་དག་ལ་ཕན་པ་ཐད་ཀར་ཐོབ་རྒྱུ་ཡིན་པ་སྨོས་ཅི་དགོས།

    དེར་བརྟེན་ཉེ་ཆར་རྒྱལ་ཁབ་དཔྱ་ཁྲལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས། དཔྱ་ཁྲལ་སྡེ་ཚན་གྱིས་ཁེ་ལས་ཆུང་གྲས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་མ་བྱས་པའང་ཚད་ལས་བརྒལ་བའི་ཁྲལ་བསྡུས་པ་ཞིག་ཡིན་པས་ ཁྲལ་འབབ་བསྡུ་བར་དཀའ་ངལ་ཇི་ཙམ་ཆེ་ཡང་སྲིད་ཇུས་ཇི་མ་ཇི་བཞིན་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཁེ་ལས་ཆུང་གྲས་ཀྱི་མ་རྩ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དངུལ་རྩའི་ཆུ་རྒྱུན་གྱིས་ཁེ་ལས་ཆུང་གྲས་ཀྱི་ཞིང་ས་དང“ཞིང་གསུམ”སོགས་ཀྱི་དངོས་ཚན་དཔལ་འབྱོར་གྱི་ལྗོན་པ་བརླན་པར་བྱེད་དགོས་པ་བསྟན་ཡོད།(པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཕན་ཐོགས་དང་པ་ཚེས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག