མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དྲིལ་བསྒྲགས་པུས་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས།

གསར་འགྱུར་གྱི་སྙད་འདོགས་རྒྱུ་འཕྲོག་དང་གསར་འགྱུར་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-08 10:25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་3ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་དགུའི་བརྡ་ཐོའི་བླང་བྱ་དོན་འཁྱོལ་དང་གསར་འགྱུར་གྱི་སྙད་འདོགས་རྒྱུ་འཕྲོག་དང་གསར་འགྱུར་རྫུས་མར་རྡུང་རྡེག་གཏིང་ཟབ་གཏོང་བའི་ཐད་ཆེད་དོན་བཞུགས་མོལ་དང་ཆེད་དོན་བཀོད་སྒྲིག་བྱས་པ་དང་། ས་ཁུལ་དང་སྡེ་ཚན་ཁག་གིས་ཏན་ཏིག་གི་བྱེད་ཐབས་སྤྱོད་པ་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་གསར་འགྱུར་གྱི་སྙད་འདོགས་རྒྱུ་འཕྲོག་དང་གསར་འགྱུར་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    ཚོགས་འདུའི་ཐོག་གསར་འགྱུར་གྱི་སྙད་འདོགས་རྒྱུ་འཕྲོག་དང་གསར་འགྱུར་རྫུས་མས་གསར་འགྱུར་དཔུང་ཁག་གི་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་གསར་འགྱུར་སྨྱན་སྦྱོར་གྱི་དབང་གྲགས་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་བསླད་སྐྱོན་བཏང་སྟབས་སྤྱི་ཚོགས་ལས་རིགས་ཁག་ལ་བསམ་འཆར་ཆེན་པོ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱིས་སེམས་གཏིང་ནས་འཁོན་འཛིན་བྱེད་ཀྱི་ཡོད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆེད་དོན་བྱ་སྤྱོད་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ནས་སེམས་ཐག་གཙང་བཅད་དང་དངོས་འཛིན་བཙན་འཐབ་བྱས་ཏེ་སྤྱོད་ཚུལ་ངན་པ་བཀག་འགོག་ཏན་ཏིག་དང་དཔུང་ཁག་གཙང་མ་ཡོང་བ་བྱས་ཏེ་ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།

    ཚོགས་འདུའི་ཐོག་སྐབས་འཕྲལ་གྱི་བཅོས་ཐབས་དང་རྩ་བཅོས་ཟུང་འབྲེལ་བྱས་ཏེ་གནད་དོན་མངོན་གསལ་དོད་པའི་སྨྱན་སྦྱོར་དང་། ས་གནས་དུ་བཅའ་སྡོད་སྨྱན་སྦྱོར་སྒྲིག་གཞི་དང་མི་སྣ། མཉམ་འབྲེལ་དྲ་ཚུགས་བཅས་ཀྱི་གསར་འགྱུར་གྱི་སྙད་འདོགས་རྒྱུ་འཕྲོག་དང་གསར་འགྱུར་རྫུས་མའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྨྱན་སྦྱོར་རྫུས་མ་དང་། གསར་འགོད་པའི་ས་ཚུགས་རྫུས་མ། གསར་འགོད་པ་རྫུས་མ་བཅས་གཙང་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གསར་འགྱུར་ལས་རིགས་ཀྱི་མིང་གྲགས་བརྫད་མཁན་ཕུང་འདྲེ་མེད་པ་བཟོ་བ་དང་གསར་འགྱུར་ལས་རིགས་ཀྱི་དར་སྲོལ་ལེགས་སུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱེད་དགོས་པ་དང་གསར་འགྱུར་ཚན་པ་ཁག་གིས་ནང་ཁུལ་གྱི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གསར་འགྱུར་གྱི་སྙད་འདོགས་རྒྱུ་འཕྲོག་དང་གསར་འགྱུར་རྫུས་མ་བཀག་འགོག་བྱེད་པའི་ལམ་ལུགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུད་དྲིལ་བསྒྲགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་འཛུགས་པ་དང་མཛུབ་ཁྲིད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་དང་ཕྱར་བ་གྲུ་འདེགས་བྱས་ཏེ་གསར་འགྱུར་གྱི་སྙད་འདོགས་རྒྱུ་འཕྲོག་དང་གསར་འགྱུར་རྫུས་མའི་གྱོད་གཞི་ཚབས་ཆེན་སྡེ་ཚན་མང་པོ་མཉམ་དུ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་དང་། ཉེས་ཚབས་ཆེ་བ་དང་ཤུགས་རྐྱེན་ཆེ་ཙམ་ཡོད་པའི་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་ཀྱིས་དམར་རྗེན་དུ་བཏོན་ཏེ་སློབ་གསོ་དང་ཉེན་བརྡའི་ཕན་འབྲས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། (བཀྲ་ཤིས་ཀྱིས་བསྒྱུར། བཀྲ་ཤིས་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག