མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་དུས་བཅད་ལྟར་ཨོ་སི་ཁྲི་ལིའི་ཡའི་ཙུང་ལི་ལ་ཁ་པར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-03 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས2ཉིན་གྱི་སྔ་དྲོར་དུས་བཅད་ལྟར་ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་པའོ་ཐི་ལ་ཁ་པར་བཏང་། ཨ་པའོ་ཐི་ཡིས་ཐོག་མར་མ་ལེ་ཞི་ཡའི་གར་སོང་མ་ཤེས་པའི་གནམ་གྲུའི་སྟེང་དུ་ཡོད་པའི་ཀྲུང་གོའི་འགྲུལ་བ་རྣམས་ཀྱི་ཁྱིམ་མི་དང་གཉེན་ཉེ་ཡོངས་ལ་སྙིང་ཉེ་བའི་ངང་ནས་འཚམས་འདྲི་མཛད་པར་མ་ཟད། ཙུང་ལི་ལིས་ཁི་ཆང་ལ་ཨོ་སི་ཁྲི་ལའི་ཡ་ཕྱོགས་ཀྱི་གནམ་གྲུ་འཚོལ་ཞིབ་དང་དོན་རྐྱེན་ཞིབ་བཤེར་བྱེད་པའི་བྱ་བའི་ཕྱོགས་ཀྱི་གནས་ཚུལ་གསར་བ་དང་བསམ་གཞིགས་གསར་བ་བརྒྱུད་བསྒྲགས་བྱས།

ལིས་ཁི་ཆང་གིས་ཨ་པའོ་ཐི་ཡིས་བརྩེ་བའི་འཚམས་འདྲི་དང་གནས་ཚུལ་བརྒྱུད་བསྒྲགས་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱིས་མ་ལེ་ཞི་ཡ་སྲིད་གཞུང་ལ་ཧིན་རྡུ་རྒྱ་མཚོ་ཆེན་མོའི་ལྷོ་ཕྱོགས་མཚོ་ཁོངས་སུ་གནམ་གྲུ་འཚོལ་ཞིབ་བྱེད་པའི་བྱ་བ་མང་པོ་བསྒྲུབ་རྒྱུའི་རེ་བ་བཏོན་པར་བསྟོད་བསྔགས་བྱས་པར་མ་ཟད། གར་སོང་མ་རྙེད་པའི་གནམ་གྲུའི་སྟེང་ཡོད་པའི་ཨོ་སི་ཁྲི་ལི་ཡའི་འགྲུལ་བ་རྣམས་ཀྱི་ཁྱིམ་མི་ལ་སྙིང་ཉེ་བའི་ངང་ནས་འཚམས་འདྲི་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། མིག་སྔར་གནམ་གྲུ་འཚོལ་ཞིབ་ཀྱི་བྱ་བ་དེ་སྔར་ལས་རྙོག་འཛིང་དང་དཀའ་ཚེགས་ཆེ་བའི་གནས་བབ་ལ་འཕྲད་ཡོད་མོད། འོན་ཀྱང་ང་ཚོས་འཚོལ་ཞིབ་བྱེད་པའི་བྱ་བ་གཏན་ནས་ལྷོད་མི་རུང་བར་མ་ཟད། རེ་ཐག་མ་ཆད་པར་མུ་མཐུད་དུ་འཚོལ་ཞིབ་བྱ་བ་ཁྱོན་ཡོངས་ནས་སྤེལ་དགོས་ལ། ང་རང་སྐུ་ཞབས་ཙུང་ལི་ལགས་ཀྱིས་བཤད་པའི་འཚོལ་ཞིབ་བྱ་བའི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་ནི་གནམ་གྲུའི་ནང་གི་མི་རྣམས་ཀྱི་ཁྱིམ་མིར་འགན་ཁུར་བ་རེད་ཅེས་པར་ཧ་ཅང་འཐད་པ་ཡིན་ཟེར།

ཨ་པོ་ཐི་ཡིས་ལིས་ཁི་ཆང་གིས་འཚམས་འདྲི་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་ཀྲུང་གོ་ཕྱོགས་ཀྱི་གནམ་གྲུ་འཚོལ་ཞིབ་བྱ་བར་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མ་ལེ་ཞི་ཡ་སོགས་འབྲེལ་ཡོད་ཀྱི་ཕྱོགས་སོ་སོ་དང་མཐུན་སྦྱོར་མཉམ་ལས་བྱེད་པར་ཤུགས་བསྣན་ནས། གནམ་གྲུ་འཚོལ་ཞིབ་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་སྟེ་འབྲེལ་ཡོད་དོན་དག་མཉམ་དུ་ཐག་གཅོད་བཟང་བོ་བྱེད་འདོད་ཡོད་ཟེར།

ཨ་པོ་ཐི་ཡིས་བཤད་རྒྱུར། མི་འགྱང་བར་བདག་ཀྲུང་གོར་ཡོང་ནས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་ཡིན་ལ། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རང་དབང་ཉོ་ཚོང་གི་གྲོས་མོལ་ནང་རྐྱེན་འཛུགས་རྒྱུར་ཤུགས་བསྣན་ནས་ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། ཁྱེད་ཀྱིས་ཙུང་ལི་ཡི་འགན་ཁུར་བའི་ཚུན་ལ་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་བསྣན་པ་དང་། ཀྲུང་གོ་སྲིད་གཞུང་གིས་ཨོ་སི་ཁྲི་ལི་ཡའི་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། བདག་གིས་གཟའ་འཁོར་རྗེས་མར་ཁྱེད་རང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་ནས་ཀྲུང་གོར་འཚམས་འདྲི་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡི་དུས་བཅད་གྲོས་མོལ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག