མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-03 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས2ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁེ་ལས་ཆུང་བའི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ཁྱབ་ཁོངས་རྒྱ་བསྐྱེད་པར་ཞིབ་འཇུག་བྱས་ཤིང་། གསར་གཏོད་རང་བཞིན་གྱི་དངུལ་ལོར་གྱིས་ཁང་རྙིང་བསྒྱུར་བཀོད་ཐད་ལ་རྒྱབ་སྐྱོར་ནུས་པ་འདོན་སྤེལ་བྱེད་པར་བཀོད་སྒྲིག་བྱས་པ་དང་། ལྕགས་ལམ་གྱི་དངུལ་གཏོང་དངུལ་བསྡུའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་ལྕགས་ལམ་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་ལམ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བས་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་ལས་འགན་ལྟར། ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་པའི་རྣམ་པ་དང་བྱེད་ཐབས་གསར་སྐྲུན་བྱེད་པ་དང་། ཁེ་ལས་ཀྱི་གསོན་ཤུགས་བསྐྱེད་པ་དང་ནང་མཁོ་རྒྱ་བསྐྱེད་པ། ལས་ཞུགས་ལས་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་དེང་སྐབས་དང་ཡུན་རིང་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་རྒྱུན་མཐུད་སྒོས་གཏན་འཁེལ་བྱེད་དགོས་པར་མ་ཟད། ནོར་ཁྲལ་དངུལ་ལོར་སོགས་ཀྱི་རྒྱབ་སྐྱོར་རྣམ་པ་གསར་སྐྲུན་བྱས་ནས་ཧུར་ཐག་སྒོས་གནོན་ཤུགས་དང་ཉེན་ཁ། འགྲན་རྩོད་བཅས་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་འཚོ་ལེགས་བཅོས་བྱེད་པ་བཅས་མཉམ་དུ་དམ་འཛིན་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་བརྟན་འཇགས་སྒོས་འཕར་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཁང་རྙིང་ས་ཁུལ་མྱུར་དུ་བསྒྱུར་བཀོད་བྱས་ནས་སྡོད་དམངས་དུང་ཕྱུར་མང་པོ་སྔ་མོ་ནས་ཐོག་ཁང་དུ་གནས་སྤོར་བ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། མི་གཙོ་བོ་ཡིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་ནང་དོན་གཙོ་བོ་ཡང་ཡིན། ད་ལོར་གཞི་ཁྱོན་ཆེན་པོའི་སྒོ་ནས་ཁང་རྙིང་བསྒྱུར་བཀོད་བྱེད་དགོས་པ་དང་མ་དངུལ་འགན་སྲུང་བྱ་བ་ཅིས་ཀྱང་དམ་འཛིན་བྱེད་དགོས་ལ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཚོང་རའི་ནང་རྐྱེན་ཟུང་འབྲེལ་བྱས་ནས། ཁང་རྙིང་བསྒྱུར་བཀོད་ཐད་ལ་ཁྲིམས་དང་མཐུན་པའི་སྒྲིག་སྲོལ་དང་དངོས་འབེབ་སྟབས་བདེ། ཡོང་ཁུངས་བརྟན་འཇགས་ཡིན་པ་སོགས་ཀྱི་དངུལ་བསྡུའི་ཐབས་ལམ་འདོན་སྤྲོད་བྱས་ནས། ཁང་རྙིང་བསྒྱུར་བཀོད་ལས་འགན་གྱི་མ་དངུལ་གྱི་དགོས་མཁོར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་ལམ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། མཁའ་ལམ་གྱི་འཆར་འགོད་དང་འཛུགས་སྐྲུན། སྲུང་སྐྱོབ་སོགས་ཀྱི་ཐད་ལ་གཏན་འཁེལ་གསལ་བོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག