མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་ཧྥི་ལི་ཕིན་གྱིས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ལྷོ་རྒྱ་མཚོའི་རྩོད་གཞིའི་བར་འདུམ་ཁྲིམས་རར་ཞུ་གཏུག་སྙན་ཞུ་འབུལ་བ་མ་ཟད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-31 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་སྤྱི་ཚེས30ཉིན་ཧྥི་ལི་ཕིན་ལ་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ལྷོ་རྒྱ་མཚོའི་རྩོད་གཞིའི་བར་འདུམ་ཁྲིམས་རར་ཞུ་གཏུག་སྙན་ཞུ་འབུལ་བ་མ་ཟད་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད།

ཧུང་ལེས། ཀྲུང་གོས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ནི་ཁ་གསལ་དང་འགྱུར་བ་མེད། ཀྲུང་གོར་ནན་ཧྲ་གླིང་ཚོམས་དང་དེ་བཞིན་དེའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་རྩོད་གཞི་མེད་པའི་བདག་དབང་ལྡན་ཡོད་ཅེས་ནན་བཤད་གནང་བ་དང་།

ཁོང་གིས་ཀྲུང་གོའི་ཕྱོགས་ནས་ཧྥི་ལི་ཕིན་གྱིས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ལྷོ་རྒྱ་མཚོའི་རྩོད་གཞིའི་སྐོར་ལ་བཏོན་པའི་རྒྱལ་སྤྱིའི་བར་འདུམ་ཁས་ལེན་བྱེད་མི་སྲིད་ཅེས་ཐེངས་མང་བཤད་ཡོད་ལ། ལངས་ཕྱོགས་འདིར་འགྱུར་བ་གཏོང་མི་སྲིད། གླིང་ལྷག་གི་བདག་དབང་རྩོད་གཞི་དང་མཚོ་ཁོངས་དབྱེ་མཚམས་གནད་དོན་ཐད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འབྲེལ་ཡོད་དོ་བདག་རྒྱལ་ཁབ་བར་ཐད་ཀར་དབྱེ་འབྱེད་གྲོས་མོལ་བྱས་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། འདི་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་མིང་རྟགས་བཀོད་པའི་ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་ཞེས་པའི་ནང་གཏན་འབེབས་ཁ་གསལ་བྱས་ཡོད་ལ། ཀྲུང་གོ་དང་ཧྥི་ལི་ཕིན་ཕྱོགས་གཉིས་པོས་ཕྱོགས་གཉིས་ཡིག་ཆའི་ནང་བྱུང་བའི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་ཡིན། ཧྥི་ལི་ཕིན་ནས་རང་ཉིད་ཀྱིས་ཁས་ལེན་བྱས་པ་དོན་འཁྱོལ་བྱ་རྒྱུའི་འོས་འགན་ཡོད་ཅེས་གསུངས་ཡོད་པ་རེད།

ཧུང་ལེས། ཧྥི་ལི་ཕིན་གྱིས་ཀྲུང་གོར་ཞུ་གཏུག་བྱས་པར་རྣམ་པ་གང་འདྲ་བརྗེས་རུང་། ཀྲུང་གོ་དང་ཧྥི་ལི་ཕིན་བར་གྱི་རྩོད་གཞིའི་ཐད་ཀའི་རྒྱུ་རྐྱེན་ནི་ཧྥི་ལི་ཕིན་གྱིས་ཁྲིམས་འགལ་ངང་ཀྲུང་གོའི་ལྷོ་རྒྱ་མཚོའི་གླིང་ལྷག་ཁག་ཅིག་བཙན་བཟུང་བྱས་པ་དེ་ཡིན་ཞིང་། གནད་དོན་གྱི་ངོ་བོ་ནི་ཕྱོགས་གཉིས་པོས་གླིང་ལྷག་གི་བདག་དབང་དང་མཚོ་ཁོངས་དབྱེ་མཚམས་ཐད་ཀྱི་རྩོད་གཞི་དེ་ཡིན། སྤྱི་ལོ2006ལོར། ཀྲུང་གོས་མཉམ་འབྲེལ་རྒྱལ་ཁབ་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས་ཞེས་པར་གཞིགས་ནས་གསལ་བསྒྲགས་སྤེལ་བའི་ནང་། གོང་གསལ་རྩོད་གཞིར་བར་འདུམ་གྱི་གོ་རིམ་མེད་པ་བཟོས་ཡོད། ཧྥི་ལི་ཕིན་ནས་བར་འདུམ་བྱེད་པར་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་འདང་ངེས་ཡོད་ཅེས་བཤད་པར་ཀྲུང་གོས་ཁས་ལེན་བྱེད་མི་སྲིད། ཀྲུང་གོ་དེ་ཉིད་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཡིན་པའི་ངོས་ནས་ཁྲིམས་མཐུན་ཁེ་དབང་ལ་བརྩི་བཀུར་ཐོབ་འོས་པ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག