མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཀྲུང་གོ་དང་འཇར་མན་བཟོ་ཚོང་ལས་རིགས་ཀྱིས་བསྡུས་པའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉེར་དགུ་ཉིན་ཀྲུང་གོ་དང་འཇར་མན་བཟོ་ཚོང་ལས་རིགས་ཀྱིས་བསྡུས་པའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཁ་ཡིག་ལ་ཀྲུང་གོའི་གོ་སྐབས་དམ་འཛིན་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཞེས་པའི་གསུངས་བཤད་གལ་ཆེན་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པའི་འདོད་ཚུལ་རྒྱས་བཤད་མཛད་པར་མ་ཟད། ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་པ་དེས་ཀྲུང་གོ་དང་འཇར་མན་བར་གྱི་མཉམ་ལས་ལ་གོ་སྐབས་ཆེན་པོ་སྐྲུན་ངེས་ཡིན་པ་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོས་ལོ་བརྒྱ་གཉིས་ཀྱི་དམིགས་འབེན་གཏན་འཁེལ་བྱས་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་ནས་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་འདོན་སྤྲོད་བྱས། ང་ཚོས་ཁྱབ་ཁོངས་ཆེན་པོ་དང་རིམ་པ་སོ་སོ་ནས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་ཆུ་ཚད་ཇེ་མཐོར་བཏང་ནས། རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་ལ་སྐུལ་འདེད་གཏོང་ངེས་ཡིན། ཀྲུང་གོའི་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་དེས་འཇར་མན་དང་བཅས་པའི་མཉམ་ལས་ཀྱི་གྲོགས་པོ་རྣམས་ལ་ཚོང་ར་དང་གོ་སྐབས་ཆེན་པོ་སྐྲུན་ངེས་ཡིན་ཟེར།

ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གཟེངས་བསྟོད་མཛད་པར་མ་ཟད། ཀྲུང་གོ་དང་འཇར་མན་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕུགས་འདུན་བཟང་བོ་ཅིས་ཀྱང་མངོན་འགྱུར་བྱེད་ཐུབ་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག