ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་མཛའ་མཐུན་བརྗེ་རེས་ལོ་མགོ་རྩོམ་པའི་མཛད་སྒོ་ཚེས་ཉེར་བརྒྱད་ཉིན་ཧྲིན་པིས་ཏེ་པའོ་ནས་གཟབ་རྒྱས་ངང་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཆེད་དུ་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ད་ལོ་དང་སང་ལོར་ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་མཛའ་མཐུན་བརྗེ་རེས་ལོ་ཞེས་པའི་བྱ་འགུལ་སྤེལ་བ་ཐག་བཅད་པ་ནི་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་ཚ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་བ་དང་། ཀྲུང་གོ་དང་ཨུ་རུ་སི་གཉིས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་བྱེད་པ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བྱ་འགུལ་དེ་སྤེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཡུན་རིང་གི་འཕེལ་རྒྱས་ལ་དམིགས་ཏེ་གཏན་ལ་ཕབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་ན་གཞོན་གྱིས་དུས་རབས་ཀྱི་འགྲོས་དང་བསྟུན་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་དང་བསྟུན་ནས། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་འཇོག་དགོས་པའི་རེ་བ་བཏོན།
ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་རྒྱལ་ཁབ་ལོ་སོགས་མི་གཞོང་བྱ་འགུལ་རྒྱ་ཆེན་པོ་རབ་དང་རིམ་པས་རྒྱལ་ཁབ་གཉིས་ཀྱི་སློབ་གསོ་དང་ཚན་རིག རིག་གནས། གནས་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད། ན་གཞོན་ལོ་ཞེས་པའི་བྱ་འགུལ་སྤེལ་བ་དེས་རྒྱལ་ཁབ་གཉིས་ཀྱི་ན་གཞོན་དང་སློབ་མའི་བར་གྱི་འབྲེལ་འདྲིས་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ཨུ་རུ་སི་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུས་མཛའ་བཤེས་སྔར་ལས་རྒྱུན་འཛིན་བཟང་བོ་བྱས་ནས། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ་ཟེར། །