མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལི་མོ་ཁི་ཨར་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-29 11:03

习近平同默克尔举行会谈1.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བརྒྱད་ཉིན་པོ་ལིན་ནས་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལི་མོ་ཁི་ཨར་དང་གྲོས་མོལ་མཛད།

习近平同默克尔举行会谈.jpg

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལི་མོ་ཁི་ཨར་རྣམ་གཉིས་ཀྱིས་གསར་འགོད་པར་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བརྒྱད་ཉིན་པོ་ལིན་ནས་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལི་མོ་ཁི་ཨར་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པ་དང་ཐུན་མོང་གི་ལྟ་ཚུལ་བྱུང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་བཏང་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་སྟོན་རྒྱུའི་ཐག་བཅད།

    གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མ་འོངས་པའི་ལོ་འགའ་ནི་ཀྲུང་གོ་དང་འཇར་མན་རྒྱལ་གཉིས་ལ་མཚོན་ན་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གི་འཕེལ་རྒྱས་དང་ཡར་ཐོན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཀྱང་ཡིན། ཀྲུང་གོ་དང་འཇར་མན་གཉིས་ནི་དཔལ་འབྱོར་གྱི་གྲོགས་པོ་ཡིན་པར་མ་ཟད་ཆབ་སྲིད་ཀྱི་གྲོགས་པོ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་ཡང་ཡིན། ང་ཚོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཐག་བཅད་པ་དང་ཀྲུང་གོ་དང་འཇར་མན་བར་དུ་དུས་ཡུན་རིང་འབྲིང་གི་འགུལ་སྐྱོད་རྩ་གནད་གཏན་འཁེལ་བྱེད་རྒྱུ་དེ་ནི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་སྒོ་འབྱེད་གསར་སྐྲུན་གྱི་སྙིང་སྟོབས་ལ་དམིགས་ཏེ་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཆར་འགོད་དང་ཇུས་འགོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ལ་མཛེས་སྡུག་གི་མ་འོངས་པ་ཞིག་གསར་སྐྲུན་བྱེད་འདོད་ཡོད་ཟེར།

    མོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་དང་ཆུ་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་དང་གྲོས་མོལ་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ཧ་ཅང་སེམས་ཁུར་བྱེད་པ་དང་ཀྲུང་གོས་བླངས་པའི་གྲུབ་འབྲས་ལ་སྨོན་འདུན་ཞུ་བཞིན་ཡོད་པར་མ་ཟད་ཧུར་ཐག་སྒོས་ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་དུ་ཞུགས་པ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་བྱེད་འདོད་ཡོད་ཟེར།

    གྲོས་མོལ་མཛད་རྗེས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་མན་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པའི་མཉམ་འབྲེལ་གསལ་སྒྲོག་སྤེལ།

    རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་དུང་གསར་འགོད་པར་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ན་རྒྱལ་ཁབ་གཉིས་ཀར་ཕན་པ་དང་ཡོ་རོབ་གླིང་དང་འཛམ་གླིང་ཡོངས་ལ་ཕན། བདག་གིས་ད་ཐེངས་འཚམས་འདྲི་བྱེད་སྐབས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་རྒྱུའི་ཐག་བཅད་པར་མ་ཟད་མཉམ་ལས་ཀྱི་གྲོས་མཐུན་གང་མང་སྟེང་མིང་བཀོད། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དེ་མགོ་ཚུགས་ས་གསར་བར་གནས་ཤིང་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དང་འཕྲད་ཡོད། ཉིས་སྟོང་ཉི་ཤུ་ལོའི་བར་དུ་ཡོ་རོབ་གླིང་གི་འཇར་མན་དང་ཨེ་ཤ་ཡའི་ཀྲུང་གོ་གཉིས་ཀྱི་དཔལ་འབྱོར་སྟོབས་ཤུགས་སྔར་ལས་ཇེ་ཆེར་འགྲོ་བ་དང་གཉིས་ཕན་མཉམ་ལས་སྔར་ལས་ཇེ་མང་དུ་འགྲོ་བར་མ་ཟད། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཤུགས་རྐྱེན་སྔར་ལས་ཇེ་མཐོར་འགྲོ་སྲིད་པར་བདག་ལ་ཡིད་ཆེས་ཡོད་ཟེར།

    མོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་དང་ཀྲུང་གོའི་འབྲེལ་བ་ནི་ཕྱོགས་ཡོངས་ཡིན་ལ། བདག་དང་ཀྲུའུ་ཞི་ཞི་ཅིན་ཕེན་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ཆབ་སྲིད་གྲོས་མོལ་དང་དཔལ་འབྱོར་མཉམ་ལས། མི་གཞུང་བརྗེ་རེས་བཅས་ཀྱི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཡོང་བ་དེས་འཇར་མན་དང་ཀྲུང་གོའི་བར་གྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་ཐུབ་པར་བདག་ལ་ཡིད་ཆེས་ཡོད་པ་དང་འཇར་མན་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག