མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་སྤྱི་ཁྱབ་པུའུ་རུ་གསུང་བཤད་གནང་བ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-29 10:59

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༢༧ཉིན་ཕ་རི་སིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་སྤྱི་ཁྱབ་པུའུ་རུ་གལ་ཆེའི་གསུང་བཤད་གནང་ཡོད་པ་དང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐད་ཀྱི་ལྟ་སྟངས་དང་འདོད་ཚུལ་ཁྱོན་ཡོངས་ནས་འབྲེལ་བཤད་གཏིང་ཟབ་གནང་ཡོད་པ་དང་། ཤེས་དཔལ་མི་འདྲ་བའི་བར་ཕན་ཚུན་བརྩི་འཇོག་བྱེད་པ་དང་། འཆམ་མཐུན་མཉམ་གནས་བྱ་རྒྱུར་སྐུལ་འདེད་བཏང་ནས། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཟམ་དང་། འགྲོ་བ་མིའི་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་སྒུལ་ཤུགས། འཛམ་གླིང་ཞི་བདེར་སྲུང་སྐྱོབ་བྱེད་པའི་འབྲེལ་ཐག་བཅས་ལ་འགྱུར་བ་བྱེད་དགོས་ཞེས་དང་། ཞི་ཅིན་ཕིང་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་གོང་འཕེལ་འགྲོ་བའི་བརྒྱུད་རིམ་ཞིག་ཡིན། ཀྲུང་གོའི་མི་དམངས་ཀྱིས་དུས་རབས་ཀྱི་ཡར་རྒྱས་གསར་པར་གཞིགས་ནས། ཀྲུང་ཧྭ་ཤེས་དཔལ་གྱི་གསར་གཏོད་རང་བཞིན་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་ཤེས་དཔལ་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་དཔལ་དང་མཉམ་དུ། འགྲོ་བ་མིའི་རིགས་ཀྱི་ཆེད་ཡང་དག་པའི་བསམ་བློའི་ཁྲིད་སྟོན་དང་ཤུགས་ཆེའི་བསམ་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་དང་།

    ཞི་ཅིན་ཕིང་གིས་ཤེས་དཔལ་ནི་སྤེལ་རེས་ཀྱིས་རྐྱེན་པས་ངོ་མཚར་ཆེ་རུ་འགྲོ་གི་ཡོད་པ་དང་། ཤེས་དཔལ་ནི་ཕན་ཚུན་དཔྱད་གཞིར་འཛིན་པའི་རྐྱེན་གྱིས་ཕུན་སུམ་ཚོགས་སུ་འགྲོ་གི་ཡོད། ཤེས་དཔལ་སྤེལ་རེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་དང་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ཤེས་དཔལ་སྤེལ་རེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བར། ཡང་དག་པའི་རྣམ་འགྱུར་དང་རྩ་དོན་འཛིན་དགོས་ཀྱི་ཡོད། དེའང་གཅིག་ནི། ཤེས་དཔལ་ནི་ངོ་མཚར་ཆེ་བ་ཞིག་ཡིན་པ་དང་། འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་དེ་སྣ་ཁ་མང་བའི་རྐྱེན་གྱིས་གཞི་ནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་རིན་ཐང་ལྡན་ཡོད།

    གཉིས་ནི། ཤེས་དཔལ་ནི་འདྲ་མཉམ་ཡིན་པ་དང་། འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་ནི་འདྲ་མཉམ་གྱིས་རྐྱེན་པས་གཞི་ནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཆ་རྐྱེན་ལྡན་ཡོད།

    གསུམ་ནི། ཤེས་དཔལ་ནི་ཁོགས་ཡངས་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་ལ་ཁོངས་ཡངས་རང་བཞིན་ལྡན་པའི་རྐྱེན་གྱིས་གཞི་ནས་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་སྒུལ་ཤུགས་ལྡན་ཡོད་ཅེས་བསྟན་ཡོད་པ་དང་།

    ཞི་ཅིན་ཕིང་གིས་ད་ལྟའི་འཛམ་གླིང་ཐོག འགྲོ་བ་མིའི་རིགས་ཚང་མ་རིག་གནས་དང་རིགས་རྒྱུད། ཤ་མདོག ཆོས་ལུགས་བཅས་མི་འདྲ་བ་དང་སྤྱི་ཚོགས་ལམ་ལུགས་མི་འདྲ་བ་ལས་གྲུབ་པའི་འཛམ་གླིང་ནང་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་བར་ཕན་ཚུན་འབྲེལ་བ་ཟབ་མོ་ལྡན་པའི་ལས་དབང་ཐུན་མོང་མ་ལག་ཞིག་ཆགས་ཡོད། ང་ཚོས་ཤེས་དཔལ་མི་འདྲ་བའི་ཁྲོད་ནས་བློ་རིག་འཚོལ་བ་དང་། བཟང་ཆ་བསྡུ་ལེན་བྱས་ནས། མི་རྣམས་ལ་བསམ་པའི་འདེགས་སྐྱོར་དང་སེམས་གསོ་མཁོ་འདོན་བྱས་ཏེ། ལག་གདང་སྦྲེལ་ནས་འགྲོ་བ་མིར་ཐུན་མོང་ཐོག་འཕྲད་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད་པ་དང་།

    ཞི་ཅིན་ཕིང་གིས་ང་ཚོས་སློབ་གསོའི་བྱ་བཞག་གོང་འཕེལ་ཧུར་ཐག་གཏོང་བ་དང་། སློབ་གསོ་ཁྱབ་གདལ་བཏང་ནས། མི་རྣམས་ཀྱིས་རྒྱུད་མཐུད་ཀྱི་དངོས་པོར་ཞིབ་འཇུག་བྱས་ནས་ཤེས་བྱ་ཐོབ་པ་བྱེད་པའི་ཁྲོད་དེ་བས་ཡག་པའི་སྒོ་ནས་ཤེས་དཔལ་སྣ་ཚོགས་ཀྱི་རིན་ཐང་ཤེས་རྟོགས་ཐུབ་པ་བྱས་ཏེ། སློབ་གསོས་ཤེས་དཔལ་རྒྱུད་འཛིན་དང་གསར་གཏོད་བྱ་རྒྱུར་ཞབས་ཞུ་བྱེད་དགོས། ང་ཚོགས་ཚན་རྩལ་བྱ་བཞག་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་ཡར་རྒྱས་གཏོང་བ་དང་གསར་གཏོད་བྱེད་པ་བརྒྱུད། མི་རྣམས་ནས་རྒྱུད་མཐུད་ངང་ལག་རྩལ་ལ་བརྟེན་ནས་དངོས་པོ་གསར་སྤེལ་བྱེད་པའི་ཁྲོད་དེ་བས་ཡག་པའི་སྒོ་ནས་ཚན་རྩལ་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པ་བྱས་ཏེ། ཚན་རྩལ་གྱིས་འགྲོ་བ་མིའི་རིགས་ལ་ཕན་བདེ་བསྐྲུན་ཐུབ་པ་བྱེད་དགོས། ང་ཚོས་རིག་གནས་བྱ་བཞག་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། མི་རྣམས་ནས་རྒྱུན་མཐུད་ཀྱི་རིག་གནས་ལ་བརྟེན་ནས་མིར་སློབ་གསོ་རྒྱག་པའི་སྐབས་བྱང་ཆད་མཐོ་རུ་བཏང་ཏེ། རིག་གནས་དེ་ཉིད་འགྲོ་བ་མིའི་རིགས་ཡར་རྒྱས་འགྲོ་བའི་འགུལ་ཤུགས་ལ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།

    ཞི་ཅིན་ཕིང་གིས་མཐའ་མཇུག་ཏུ། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཆེད་འབད་འཐབ་བྱེད་བཞིན་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་འཕེལ་རིམ་ཁྲོད། དུས་རབས་ཀྱི་ཡར་རྒྱས་གསར་པར་གཞིགས་ནས། ཀྲུང་ཧྭ་ཤེས་དཔལ་གྱི་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དེའི་ཚེ་སྲོག་ནུས་པ་གསོ་སྤེལ་བྱས་ཏེ། ཀྲུང་ཧྭ་ཤེས་དཔལ་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གསར་གཏོད་གནང་བའི་ཕུན་སུམ་ཚོགས་ཤིང་ངོ་མཚར་ཆེ་བའི་ཤེས་དཔལ་དང་མཉམ་དུ། འགྲོ་བ་མིའི་རིགས་ཀྱི་ཆེད་ཡང་དག་པའི་བསམ་བློའི་ཁྲིད་སྟོན་དང་ཤུགས་ཆེའི་བསམ་པའི་འགུལ་ཤུགས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག