མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པ་ལིས་གྲོང་ཁྱེར་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 11:00

ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ཚེས27ཉིན་པ་ལིས་གྲོང་ཁྱེར་ནས་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ཚེས27ཉིན་པ་ལིས་གྲོང་ཁྱེར་ནས་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་རྣམ་གཉིས་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་ལོ་ལྔ་བཅུའི་རིང་ལ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཐད་ནས་བླངས་པའི་གྲུབ་འབྲས་སྤྱི་བསྡོམས་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་འདོད་ཚུལ་རྒྱས་བཤད་མཛད་པ་དང་། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་དང་ཧྥ་རན་སིའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཕན་ཚུན་ལ་རྒྱུས་ལོན་དང་རོགས་རམ་བྱས་ནས་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་གསུངས།

ཚོགས་ཆེན་སྟེང་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་དེང་སྐབས་དམ་འཛིན་དང་མ་འོངས་པར་ཁ་ཕྱོགས་ཏེ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་འཆར་འགོད་བཟང་བོ་བྱས་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྔར་ལས་དམ་ཞིང་སྔར་ལས་ཡུན་རིང་བ་དང་སྔར་ལས་དམིགས་བསལ་ལྡན་པ་བཅས་བྱེད་དགོས། གཅིག ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཕ་རོལ་བས་རང་གི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་སོགས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འཐབ་ཇུས་གྲོས་མོལ་ལ་ཤུགས་སྣོན་པ་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཉིས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། ཁེ་ཕན་གྱི་ཐུན་མོང་འདུ་ཤེས་ཆགས་པར་བྱེད་པ་དང་། ཁེ་ཕན་གྱི་མཉམ་འབྲེལ་བྱེད་ས་མང་པོ་འཚོལ་ཞིབ་བྱེད་དགོས་ལ། དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་དཔལ་འབྱོར་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གསུམ། མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོས་བརྗེ་རེས་དང་མཉམ་ལས་རྒྱ་ཆེར་སྤེལ་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་སྤྱི་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། བཞི། སྒོ་འབྱེད་ཡར་བརྩོན་རྒྱུན་འཁྱོངས་བྱས་ཏེ། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་ལོར་མ་ལག་གི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་མཉམ་དུ་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ལ་སྐུལ་འདེད་གཏོང་དགོས། ལྔ། རོགས་ལས་དམ་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་སྣོན་པ་དང་། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་མི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོར་འགྱུར་བར་བྱེད་དགོས་ཟེར།

ཨོ་ལང་ཏི་ཡིས་བཤད་རྒྱུར། ལོ་ངོ་ལྔ་བཅུའི་ཡར་སྔོན་ལ། ཧྥ་རན་སི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་བ་བཙུགས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཐོག་མ་ཡིན་ལ། དེ་ལས་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་བར་ཧྥ་རན་སི་དང་ཀྲུང་གོའི་མཉམ་ལས་ཀྱི་རྨང་གཞི་སྔར་ལས་བརྟན་ཞིང་མདུན་ལྗོངས་རྒྱ་ཆེན་པོ་ཡོད། རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་སྣ་མང་ཅན་དུ་བསྒྱུར་བའི་འདོད་ཚུལ་བཅངས་ཡོད་པ་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་ཕན་ཚུན་ལ་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན། ཧྥ་རན་སི་ཕྱོགས་ཀྱིས་ལོ་ལྔ་བཅུའི་ཡར་སྔོན་གྱི་འཐབ་ཇུས་བྱེད་ཐབས་དང་ཆབ་སྲིད་ཀྱི་སྤོབས་པར་བརྟེན་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག