མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་ཞིང་གསུམ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་གོང་འཕེལ་འགན་སྲུང་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-27 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས26ཉིན་བཤད་པར་གཞིགས་ན། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱི་སྔོན་རྩིས་ནང་ཞིང་གསུམ་ཐད་གཏོང་རྒྱུའི་མ་དངུལ་གཞི་ཁྱོན་དང་བསྡུར་ཚད་ཅི་ཐད་ནས་ན་ནིང་ལས་མང་བ་ཡོད་ཅིང་། མི་དམངས་ཤོག་སྒོར་དུང་ཕྱུར700ལྷག་བཀོད་སྒྲིག་བྱས་ཏེ་ཆུ་བེད་ཀྱིས་གཙོ་བོ་བྱས་པའི་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

སྤྱི་ཚེས26ཉིན་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་ལི་ཕུ་མིན་གྱིས་ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར4576བཀོད་སྒྲིག་བྱས་ཡོད་པ་དང་། སྤྱི་འབོར་ན་ནིང་ལས་སྒོར་དུང་ཕྱུར200མང་དུ་བཏང་ཡོད་ཅིང་། གཙོ་བོ་ཕྱོགས་བདུན་གྱི་ཐད་གཏོང་རྒྱུ་ཡིན་པ་དང་། དེའི་ནང་ཞིང་གསུམ་འཛུགས་སྐྲུན་གཙོ་གནད་དུ་བཞག་ཡོད་ཅེས་གསུངས་ཡོད་པ་དང་།

ལི་ཕུ་མིན་གྱིས་སྤྱི་ལོ2013ལོར། ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་ཁྲོད་ཞིང་ལས་དང་གྲོང་གསེབ་ཐད་བཏང་བའི་མ་དངུལ་གྱི་བསྡུར་ཚད་བརྒྱ་ཆ50﹒6ཟིན་པ་དང་། མ་འཇོག་སྤྱི་འབོར་སྒོར་དུང་ཕྱུར2200ལས་བརྒལ་ཡོད། སྤྱི་ལོ2013ལོར་ཆུ་མཛོད་ཆུང་གྲས་ཆིག་ཁྲི་ལྔ་སྟོང་ཉེན་སེལ་བརྟན་གཏོང་བྱས་པ་དང་། གྲོང་གསེབ་མི་འབོར་བྱེ་བ་དྲུག་དང་ས་ཡ་གསུམ་ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ། གྲོང་གསེབ་ཏུ་གཞུང་ལམ་སྤྱི་ལེ་ཉིས་འབུམ་ཆིག་ཁྲི་གསར་དུ་བཏིང་བ། གྲོང་གསེབ་ཀྱི་གློག་གི་དྲ་བའི་གློག་ལམ་སྤྱི་ལེ་ཉིས་འབུམ་ཆིག་ཁྲི་གསར་བཟོ་དང་ཉམས་བཟོ་བྱས་པ། གྲོང་གསེབ་ཀྱི་ཐེམ་དུད་ས་ཡ་གཉིས་དང་དྲུག་འབུམ་དྲུག་ཁྲིའི་ཉེན་ཁ་ཆེ་བའི་ཁང་པ་བཟོ་བཅོས་བརྒྱབ་པ་བཅས་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་གྲོང་གསེབ་ཀྱི་དཔལ་འབྱོར་གོང་འཕེལ་སིའི་འགོ་འཛིན་ཀའོ་ཅུན་ཚའེ་ཡིས་ཁྱབ་བསྒྲགས་ཚོགས་འདུའི་ཐོག གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་མ་དངུལ་ཕྱོགས་མང་པོའི་ཐད་བེད་སྤྱོད་གཏོང་གི་ཡོད་ཅིང་། དེ་དག་ནང་གཙོ་བོ་བདེ་འཇགས་དྲུག་གི་ཐད་གཏོང་གི་ཡོད་དེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས། བྲུབ་ཆུ་འགོག་པའི་བདེ་འཇགས། བདེ་སྡོད་ལས་གཞིའི་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་ཀྱི་ཐད་གཏོང་གི་ཡོད་ཅེས་གསུངས་ཡོད་པ་རེད།

ཀའོ་ཅུན་ཚའེ་ཡིས། ད་ལོ་ཞིང་གསུམ་རྣམ་གྲངས་ཀྱི་མ་དངུལ་དགོས་མཁོའི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ཕྲག་ཟིན་གྱི་ཡོད་དེ། དཔེར་ན། འཐུང་ཆུའི་བདེ་འཇགས་འཆར་འགོད་ལ་སྒོར་དུང་ཕྱུར་སྟོང་ཕྲག་ཁ་ཤས་དགོས་པ་དང་། ད་དུང་ཞིང་ཆུ་འདྲེན་ཁུལ་ཆེ་གྲས་ཀྱི་ཉམས་བཟོའི་འཆར་འགོད་སོགས་ཡོད་པས། ལུགས་མཐུན་དང་། ཁྲིམསམཐུན། སྒྲིག་སྲོལ་དང་མཐུན་པ་བཅས་ཀྱི་བླང་བྱ་གཞིར་བཟུང་མ་དངུལ་བཀོད་སྒྲིག་བྱེད་དགོས་ཞེས་ཟུར་བསལ་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག