མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རིག་གནས་ཐོན་ལས་གང་མགྱོགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་དུ་བསམ་འཆར་ཁག་ཅིག་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-27 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་ཐོན་ལས་གང་མགྱོགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉེ་དུས་ཁག་སོ་སོར་ཕྱི་ཕྱོགས་རིག་གནས་ཉོ་ཚོང་གང་མགྱོགས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་དང་རིག་གནས་གསར་གཏོད་དང་ཇུས་འགོད་ཞབས་ཞུ་དང་འབྲེལ་ཡོད་ཀྱི་ཐོན་ལས་མཉམ་བསྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཞེས་པ་བཏོན་པ་དང་། རིག་གནས་ཐོན་ལས་དང་དངུལ་རྩའི་ལས་རིགས་ཀྱི་རྒྱལ་མཚམས་སྒྲོལ་བའི་མཉམ་བསྲེས་ལ་བསྔགས་སྐུལ་གྱིས་རིག་གནས་ཐོན་རྫས་ལ་སྐུལ་འདེད་བཏང་ཐོག་ཉོ་ཚོང་རྣམ་པ་བརྒྱུད་དེ་རྒྱལ་ཁོངས་ལས་ཕྱིར་བསྐྱོད་རྒྱུ་ཡིན་པ་རེད།

ཉེ་དུས་སི་ཕན་དུ་མཇུག་སྒྲིལ་མ་ཐག་གི་སྤྱི་ལོ2014ལོའི་འཛམ་གླིང་སྤོ་འགུལ་བརྡ་འཕྲིན་ཚོགས་ཆེན་ཐོག་ཏུ་ཀྲུང་གོའི་ཆེས་གལ་ཆེ་ཤོས་ཀྱི་མཉེན་ཆས་སྲ་ཆས་ཕྱིར་གཏོང་ཁེ་ལས་ལེགས་འཛོམས་འཛམ་གླིང་དང་ཧྭ་ཝེ་ཡིས་ཐུན་མོང་ཐོག་ལག་གདང་སྦྲེལ་ནས་དུས་རབས་རྗེས་མའི་ཨིན་སྦྲེལ་དྲ་བའི་སྤྲོ་རྩེད་འཛམ་གླིང་ཧྲིལ་པོའི་ཁྲོམ་ར་གསར་པ་གཏོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ལོ2013ལོར་ཀྲུང་གོའི་གསར་གཏོད་དྲ་ཐོག་སྤྲོ་རྩེད་ཕྱི་རྒྱལ་ཁྲོམ་རའི་དོན་དངོས་བྲིན་འཚོང་ཡོང་འབབ་ཨ་སྒོར་དུང་ཕྱུར་༡༠ལས་བརྒལ་བ་དང་། ཀྲུང་གོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤྲོ་རྩེད་ཁག་བཅུ་ལྷག་གིས་རྒྱལ་ཁབ་དང་ས་ཁུལ100ལྷག་གི་སྤྱོད་མཁན་གྱི་བློ་ཡིད་བཀུག་ཡོད་པ་རེད།

འདས་ཟིན་པའི་ལོ་གཅིག་ནང་། རིག་གནས་སྒྲིག་གཞི་བསྒྱུར་བཅོས་དེ་གཏིང་གཟབ་ཏུ་སྤེལ་རྒྱུའི་ཕྱོགས་སུ་སྐུལ་འདེད་བཏང་ཡོད་པ་དང་། ཚོགས་པ་2103དུས་བཀག་ལྟར་བསྒྱུར་བཅོས་ཀྱི་ལས་འགན་ལེགས་འགྲུབ་བྱུང་བ་དང་། དེའི་ནང་ཁེ་ལས་ལམ་ལུགས་བསྒྱུར་བཅོས་བྱེད་པའི་ཚོགས་པས་བརྒྱ་ཆ61བཟུང་ཡོད། དུས་མཚུངས་སུ་རྒྱལ་ཁབ་ཀྱིས་ད་དུང་ལས་གཉེར་དཔྱ་ཁྲལ་རིན་ཐང་འཕར་མའི་དཔྱ་ཁྲལ་དུ་འགྱུར་བ་སོགས་ཀྱི་འབྲེལ་ཡོད་ནོར་ཁྲལ་སྲིད་ཇུས་སྟོན་པ་དང་། རིག་གནས་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ་དང་བསྔགས་སྐུལ་བྱས་ཡོད། འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོའི་གློག་བརྙན་པ་སེའི་ཡོང་འབབ་སྒོར་དུང་ཕྱུར220ཙམ་ཟིན་པ་དང་། འཕར་ཚད་བརྒྱ་ཆ30ལས་བརྒལ་ཡོད། སྤོ་སྒུལ་སྤྲོ་རྩེད་ཁྲོམ་རའི་གཞི་ཁྱོན་ཡང་སྒོར་དུང་ཕྱུར100ལས་བརྒལ་བ། པེ་ཅིན་སོགས་གྲོང་ཁྱེར12ཀྱི་དངོས་གཉེར་དེབ་ཁང56ལ་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་སྒོར་བྱེ་བ་དགུ་ཐོབ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག