མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུས་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་སློབ་མ་གཙོ་གནད་མཐོ་རིམ་སློབ་གྲྭར་སྐྱོད་མཁན་མི་གྲངས་ན་ནིང་དང་བསྡུར་ན་བརྒྱ་ཆ་༡༠ཡན་འཕར་རྒྱུ་ཡིན་ཞེས་བསྟན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:07

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུས་སྤྱི་ཚེས་༢༤ཉིན་བརྡ་ཐོ་བཏང་བར་གཞིགས་ན། རྒྱལ་ཁབ་ཀྱིས་མུ་མཐུད་ནས་གྲོང་གསེབ་དབུལ་ཕོངས་ས་ཁུལ་གྱི་གནས་གཏན་འཁེལ་ངང་སློབ་མ་བསྡུ་བའི་ཆེད་དོན་འཆར་འགོད་ལག་བསྟར་བྱེད་པ་དང་། གྲོང་གསེབ་ཀྱི་སློབ་མ་དམིགས་བསལ་ངང་བསྡུ་རྒྱུ་ལག་བསྟར་བྱེད་པ། ས་གནས་ཀྱི་གཙོ་གནད་མཐོ་རིམ་སློབ་གྲྭས་གྲོང་གསེབ་ཀྱི་སློབ་མ་བསྡུ་བའི་ཆེད་དོན་འཆར་འགོད་ལག་བསྟར་བྱེད་པ་སོགས་བྱ་ཐབས་ཁག་གསུམ་བརྒྱུད། དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་སློབ་མ་གཙོ་གནད་མཐོ་རིམ་སློབ་གྲྭར་འགྲོ་བའི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། སྔོན་བརྩིས་བྱས་ན་སྤྱི་ལོ་༢༠༡༤ལོར་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་སློབ་མ་གཙོ་གནད་མཐོ་རིམ་སློབ་གྲྭར་སྐྱོད་མཁན་མི་གྲངས་ན་ནིང་དང་བསྡུར་ན་བརྒྱ་ཆ་༡༠ཡན་མང་དུ་འགྲོ་རྒྱུ་ཡིན་པ་རེད།

    བརྡ་ཐོའི་ནང་། ད་ལོ་ཆེད་དོན་འཆར་འགོད་ཀྱི་སློབ་མ་བསྡུ་བའི་གཞི་ཁྱོན་དེ་སྤྱི་ལོ་༢༠༡༣ལོའི་མི་གསུམ་ཁྲི་ནས་མི་ལྔ་ཁྲི་བར་མང་དུ་འགྲོ་རྒྱུ་ཡིན་པ་དང་། ཀྲུང་དབྱང་ཚན་པའི་མཐོ་རིམ་སློབ་གྲྭ་དང་ས་གནས་ཀྱི་༢༡༡ལས་གཞིའི་སློབ་གྲྭས་གཙོ་བོ་བྱས་པའི་དངོས་གཞིའི་ཚན་ཁག་གི་ཁག་དང་པོའི་མཐོ་རིམ་སློབ་གྲྭས་འགན་འཁུར་རྒྱུ་ཡིན་པ་རེད། ལག་བསྟར་བྱེད་པའི་ཁྱབ་ཁོངས་ནི་དབུལ་ཕོངས་རྫོང་༨༣༢ཡིན་པ་དང་། དེའི་ནང་ཡུག་གཅིག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་ཚང་མ་དང་རྒྱལ་ཁབ་རིམ་པའི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་ཚུད་ཡོད་པ་དང་། དེ་བཞིན་གཙོ་གནད་མཐོ་རིམ་སློབ་གྲྭས་སློབ་མ་བསྡུ་བའི་བསྡུར་ཚད་ཅུང་དམའ་བའི་ཧྲན་ཤི་དང་། ཧོ་ནན། ཀོང་ཞི། ཀུའེ་ཀྲོའུ། ཡུན་ནན། ཀན་སུའུ་སོགས་ཞིང་ལྗོངས་བཅུ་ཚུད་ཡིན་པ་རེད།

    སློབ་གསོ་པུས་བརྡ་ཐོའི་ནང་། ཡིག་རྒྱུགས་དང་སློབ་མ་བསྡུ་རྒྱུ་གཞུང་དྲང་དང་འདྲ་མཉམ་ཡོང་རྒྱུར་འགན་ལེན་བྱེད་ཆེད། ས་གནས་ཁག་དང་སློབ་གྲྭ་ཁག་གིས་སློབ་མའི་ཐེམ་ཐོ་དང་། སློབ་གནས། སློབ་གྲྭར་སྐྱོད་སའི་ས་ཁུལ་སོགས་ཡིག་རྒྱུགས་ནང་ཞུགས་པའི་ཐོབ་ཐང་ལ་ཞིབ་དཔྱད་ནན་པོ་བྱེད་པ་དང་། ཡིག་རྒྱུགས་གཏོང་བ་དང་སློབ་མ་བསྡུ་བར་དོ་དམ་ནན་པོ་བྱེད་པ། སློབ་མ་བསྡུ་བའི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སློབ་འབྲིང་དང་མཐོ་རིམ་སློབ་གྲྭའི་རིམ་པ་མང་བའི་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག