མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་མགོ་བ་ལ་ཅ་ཏི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:36

ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་མགོ་བ་ལ་ཅ་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས24ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་མགོ་བ་ལ་ཅ་ཏི་ལ་མཇལ་འཕྲད་གནང་བ་དང་། འཛམ་གླིང་གི་དཔལ་འབྱོར་གནས་བབ་དང་ཀྲུང་གོ་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་མཉམ་ལས་སོགས་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།

ལིས་ཁི་ཆང་གིས་བསྟན་དོན། མིག་སྔར་འཛམ་གླིང་གི་དཔལ་འབྱོར་ཕྱོགས་གསུམ་ནས་བཤད་ཆོག་སྟེ། གཅིག་ནས་སྤྱིའི་གནས་བབ་ལ་འགྱུར་ལྡོག་གསར་བ་འབྱུང་བཞིན་ཡོད་མོད། འོན་ཀྱང་རྙོག་འཛིང་གི་སྣང་ཚུལ་སྔར་བཞིན་གནས་ཡོད། གཉིས་ནས་གསར་དར་ཁྲོམ་ར་དེ་དཀའ་ཁག་དང་འགྲན་རྩོད་ལ་འཕྲད་ཡོད་ནའང་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་སྣོན་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན། གསུམ་ནས་རྒྱལ་ཁབ་སོ་སོའི་ཆེ་ཕྱོགས་སྲིད་ཇུས་མཐུན་སྦྱོར་དེ་དཀའ་ཁག་ལ་འཕྲད་ཡོད་མོད། འོན་ཀྱང་རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་ཁྲོད་དུ་རྒྱལ་ཁབ་ཚང་མས་གཅིག་སྐྱོར་གཅིག་འདེགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ནུས་པར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཐེབས་རྩ་རྩ་འཛུགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་སོ་སོས་ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་བཅད་དེ་རྒྱལ་སྤྱིའི་དངུལ་ལོར་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་གྲུབ་ཚུལ་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ་བཅས་བྱས་ཏེ། དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་བཏང་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བར་གྱི་མཉམ་ལས་རྒྱུན་འཁྱོངས་བྱེད་འདོད་ཡོད་ཟེར།

ལ་ཅ་ཏི་ཡིས་ལིས་ཁི་ཆང་གི་མིག་སྔར་འཛམ་གླིང་དཔལ་འབྱོར་གྱི་གནས་བབ་ཐད་ལ་བཅངས་པའི་ལྟ་ཚུལ་ལ་འཐད་པ་ཡིན་པའི་ཚུལ་བསྟན་པར་མ་ཟད། རྒྱལ་ཁབ་དག་གི་ཐུན་མོང་གི་འབད་བརྩོན་འོག་ཏུ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལེགས་པོ་བྱུང་ཡོད་ལ། དེར་ཉེན་ཁ་ཡོད་པ་དང་མཉམ་དུ་འཕར་སྣོན་གྱི་བར་སྟོང་ཡང་ཡོད། ཀྲུང་གོས་བཅོས་བསྒྱུར་རྒྱལ་ཁའི་ངང་སྤེལ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་བཤད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག