མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སའི་གོ་ལའི་གནམ་གཤིས་དྲོ་རུ་ཕྱིན་པ་དེས་བོད་ཀྱི་དྲོད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-03-24 16:05

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་《བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་སྤྱི་བསྒྲགས་》ཞེས་པའི་ནང་མངོན་པར། སའི་གོ་ལའི་གནམ་གཤིས་དྲོ་རུ་ཕྱིན་པ་དེས་བོད་ཀྱི་ས་ངོས་ཀྱི་ཆ་སྙོམས་དྲོད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ཆར་ཆུ་འབབ་ཚད་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། གནམ་གཤིས་དྲོ་རུ་འགྲོ་བ་དེ་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཏུ་གྱུར་བ་མ་ཟད་མི་རྣམས་ནས་རྒྱ་ཁྱབ་ངང་དོ་ཁུར་བྱེད་ཀྱི་ཡོད། རིགས་གཅིག་མཁས་པས། འཕྲེད་ཐིག་གི་ཏུའུ་གྲངས་མཐོ་བ་དང་ས་བབ་མཐོ་བའི་ས་ཁུལ་དུ་སའི་གོ་ལའི་གནམ་གཤིས་དྲོ་རུ་ཕྱིན་པའི་ཤུགས་རྐྱེན་དེ་བས་ཕོག་སླ་བ་ཡོད། མཚོ་བོད་ས་མཐོ་ནི་འཛམ་གླིང་ཐོག་གི་འཕྲེད་ཐིག་ཏུའུ་གྲངས་མཐོ་བའི་ས་ཁུལ་དང་ས་བབ་མཐོ་བའི་ས་ཁོངས་ཤིག་ཡིན་པས་སའི་གོ་ལའི་གནམ་གཤིས་དྲོ་རུ་ཕྱིན་པའི་ཤུགས་རྐྱེན་ཆེ་ཤོས་ཕོག་ཁུལ་ཞིག་ཡིན་ཞེས་གསུངས།

    བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཏུའུ་ཅུན་གྱིས། བོད་ཀྱི་གནམ་གཤིས་ལྟ་ཞིབ་ས་ཚིགས་18ཀྱི་གྲངས་གཞི་ལས་མངོན་པར། 1961ལོ་ནས་2013ལོའི་བར་བོད་ཀྱི་ས་ངོས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་དེ་ཆ་སྙོམས་ལོ་10རེར་ཏུའུ་0.31འཕར་ཡོད་ཅེས་གསུངས།

    དྲོད་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་དང་བསྟུན་ནས་ཉེ་བའི་ལོ་བཅུ་གྲངས་རིང་བོད་ཀྱི་ཆར་ཆུ་འབབ་ཚད་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། གནམ་གཤིས་འགྱུར་བའི་ལྟ་ཞིབ་གྲངས་གཞི་ལས་མངོན་པར། 1961ལོ་ནས་2012ལོའི་བར་ལོ་རེའི་ཆར་ཆུ་འབབ་ཚད་དེ་ཆ་སྙོམས་ལོ་10རེར་ཧའོ་སྨི་6.6གི་མང་དུ་ཕྱིན་ཡོད།

    ཏུའུ་ཅུན་གྱིས། ཉེ་བའི་ལོ་ཤས་རིང་སའི་གོ་ལའི་ཐོག་ཆེས་ངན་པའི་གནམ་གཤིས་ཡང་ཡང་ཐོན་གྱི་ཡོད། བོད་ཀྱང་ཚུད་ཡོད། ལོ་ངོ་50ལྷག་ཙམ་རིང་གི་ཆེས་ངན་པའི་དྲོད་ཚད་ཀྱི་གྲངས་གཞིའི་འགྱུར་བའི་འཕེལ་ཚུལ་ནས་དབྱེ་ཞིབ་བྱས་ན། བོད་ཀྱི་དྲོད་ཚད་མཐོ་རུ་འགྲོ་ཚུལ་མངོན་གསལ་དོད་པོ་ཡོད། ན་ནིང་ལ་ཆ་བཞག་ན། བོད་ཀྱི་ཆེས་དམའ་བའི་དྲོད་ཚད་སེང་གེ་ཁ་འབབ་ཏུ་ཐོན་པ་དང་ཀླད་ཀོར་འོག་གི་ཏུའུ་36.7ཟིན་ནས་1961ལོའི་ཚུན་གྱི་དྲོད་ཚད་དམའ་ཤོས་སུ་གྱུར་ཡོད། དྲོད་ཚད་མཐོ་ཤོས་དེ་ཆབ་མདོར་ཐོན་པ་དང་ཏུའུ་32.3ཟིན་ཡོད་ཅེས་གསུངས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག