མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕིང་ཉིང་རྡུལ་བདེ་འཇགས་ཐད་ཀྱི་འགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-24 11:12

    སྤྱི་ཚེས༢༤ཉིན་ནས་བཟུང་། དུས་ཡུན་ཉིན་གཉིས་ཀྱི་སྐབས་གསུམ་པའི་ཉིང་རྡུལ་བདེ་འཇགས་ཐད་ཀྱི་འགོ་གཙོའི་གྲོས་ཚོགས་དེ་ཧོ་ལན་གྱི་ཧའི་ཡར་འཚོགས་རྒྱུ་ཡིན་པ་རེད། འཛམ་གླིང་རྒྱལ་ཁབ་ཁག་དང་དེ་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལྔ་བཅུ་ལྷག་ཙམ་དེ་གར་འཛོམས་ནས། འཛམ་གླིང་ཧྲིལ་པོའི་ཉིང་རྡུལ་གྱི་བདེ་འཇགས་གནད་དོན་ཐད་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད། ཞི་ཅིན་ཕིང་སྤྱི་ཚེས༢༢ཉིན་ཧོ་ལན་དུ་འབྱོར་བ་དང་། ཐེངས་དང་པོར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ངོས་ནས་འགོ་གཙོའི་གྲོས་ཚོགས་དེར་ཞུགས་རྒྱུ་རེད།

    ཐེངས་འདིའི་འགོ་གཙོའི་གྲོས་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་དང་པོར་ཀྲུང་གོའི་ཉིང་རྡུལ་བདེ་འཇགས་ལྟ་བ་འདོན་རྒྱུ་རེད། དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཁྲོད་ནས་ཉིང་རྡུལ་བདེ་འཇགས་ལྟ་ཚུལ་འདོན་མཁན་དང་པོ་ཡིན་པས། དེར་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་ནས་དོ་སྣང་ཆེན་པོ་བྱ་རྒྱུ་ཡིན་པ་རེད།

    ཐེངས་འདིའི་འགོ་གཙོའི་གྲོས་ཚོགས་ཐོག་ཀུན་གྱིས་དོ་སྣང་བྱ་ཡུལ་གཞན་ཞིག་ནི། ཞི་ཅིན་ཕིང་དང་ཨའོ་པ་མའི་ཐུག་འཕྲད་དེ་ཡིན་པ་དང་། དེ་ནི་ཀྲུང་གོ་དང་ཨ་རིའི་གཙོ་བདག་གི་ལོ་འདིའི་མཇལ་འཕྲད་ཐེངས་དང་པོར་འགྱུར་རྒྱུ་ཡིན་པ་དང་། དེ་ནི་དུས་མཚམས་རྗེས་མའི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་ཐད་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

    ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་པའོ་ཏུང་གིས། ཀྲུང་གོས་ཐེངས་འདིའི་འགོ་གཙོའི་གྲོས་ཚོགས་ལ་རེ་བ་ཆེན་པོ་གཉིས་བཅངས་ཡོད་པ་སྟེ། གཅིག་ནི་ཐེངས་འདིའི་འགོ་གཙོའི་གྲོས་ཚོགས་ཀྱིས་སྔ་ཕྱི་སྦྲེལ་མཐུད་ཀྱིས་ཉིང་རྡུལ་འགོ་གཙོའི་གྲོས་ཚོགས་སྐབས་གོང་མ་གཉིས་ཀྱི་གྲུབ་འབྲས་སྲ་བརྟན་དང་། གྲོས་མཐུན་གསར་པ་གཅིག་སྡུད་བྱ་རྒྱུ་དང་། གཉིས་ནི་ཐེངས་འདིའི་ཉིང་རྡུལ་འགོ་གཙོའི་གྲོས་ཚོགས་ཀྱིས་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་ཐེབས་རྒྱུ་དང་། ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་སྒྲིག་ཆས་ཀྱི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཉིང་རྡུལ་ཚན་རིག་ལུགས་མཐུན་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་ཀྱིས། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་ཡིན་ཞེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག