མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕིང་གིས་སྤྱི་ཚེས་༢༣ཉིན་ཏོ་མི་ཉེ་ཁེའི་ཙུང་ཐུང་ས་ཝ་ལིན་དང་ཞལ་པར་བསྐྱོན་རེས་གནང་བ།

རྩོམ་པ་པོ། ཡེ་ཤེས་དབྱངས་ཅན།  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-03-24 11:12

    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༢༣ཉིན་ཏོ་མི་ཉེ་ཁེའི་ཙུང་ཐུང་ས་ཝ་ལིན་དང་ཞལ་པར་བསྐྱོན་རེས་གནང་ནས་ཀྲུང་གོ་དང་ཏོ་མི་ཉི་ཁེའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༡༠འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཡོད་པ་རེད།

    ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་ཏོ་མི་ཉི་ཁེའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༡༠སོང་རིང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་བར་གྱི་འགྲོ་འོང་ཟམ་མི་ཆད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་བ། མི་ཆོས་རིག་གནས་བར་གྱི་འགྲོ་འོང་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ། རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་མཛའ་གྲོགས་རིམ་བཞིན་ཟབ་ཏུ་ཕྱིན་ཡོད། ཀྲུང་གོས་ཀྲུང་གོ་དང་ཏོ་མི་ཉི་ཁེའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཏོ་མི་ཉི་ཁེ་དང་ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ་དང་མཉམ་ལས་རྒྱ་ཆེ་རུ་གཏོང་བ། མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིན་སྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

    ས་ཝ་ལིན་གྱིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། འདས་པའི་ལོ་ངོ་བཅུའི་རིང་ཏོ་མི་ཉི་ཁེ་དང་ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་ཟམ་མི་ཆད་པ་དང་། ཁྱབ་ཁོངས་མང་པོའི་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་རྒྱུན་མཐུད་གོང་འཕེལ་བཅས་བྱུང་ཡོད་པས་ཏོ་མི་ཉི་ཁེས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་ཏོ་མི་ཉི་ཁེའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

    ཉིན་དེ་གར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏོ་མི་ཉི་ཁེའི་ཙུང་ལི་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་སེ་གེ་ལི་ཐོ་དང་ཞལ་པར་བསྐྱོན་ནས་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། སྤྲོ་སེམས་ཆེན་པོས་ཀྲུང་གོ་དང་ཏོ་མི་ཉི་ཁེའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།

    ལི་ཁེ་ཆང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་ཏོ་མི་ཉེ་ཁེའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱེད་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཀྲུང་གོ་དང་ཏོ་མི་ཉི་ཁེའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཏོ་མི་ཉེ་ཁེ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

    སེ་ག་ལི་དེས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་བར་རོགས་པའི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཕྱོགས་གཉིས་སློབ་གསོ་དང་ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་སོགས་ཁྱབ་ཁོངས་མང་པོའི་ནང་གི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཏོ་མི་ཉི་ཁེའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་མུ་མཐུད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་གཉིས་དང་ཕྱོགས་མང་བང་རིམ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག