མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལི་ཁེ་ཆང་གིས་ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་བྱ་རྒྱུ་དང་དེ་བཞིན་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ལས་དོན་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-24 11:12

    ཀྲུང་གོའི་སྲིད་གཞུང་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉེ་ཆར་ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་། དེ་བཞིན་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ལས་དོན་གྲོས་ཚོགས་ཐོག ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་། ཐན་ཉུང་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་དང་།

    ལི་ཁེ་ཆང་གིས་ངེས་པར་དུ་བྱེད་ཐབས་ནན་ཏན་བཟུང་སྟེ་ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་གི་ལས་འགན་ལེགས་གྲུབ་བྱེད་དགོས་པ་དང་། འདི་ལོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངོན་སུམ་དང་ལྐོག་ཏུ་རྟོག་ཞིབ་བྱས་ཏེ་གནད་དོན་ཤེས་རྟོགས་ཐུབ་ཚེ་མཐིལ་ཕྱིན་པ་རྩད་གཅོད་བྱ་རྒྱུ་ལས་ཐར་པར་རྩ་བ་ནས་གཏོང་མི་སྲིད་ཅེས་ནན་བཤད་གནང་ཡོད་པ་རེད།

    སྤྱི་ཟླ་༣པའི་ཚེས་༢༡ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་། དེ་བཞིན་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ལས་དོན་གྲོས་ཚོགས་གཙོ་སྐྱོང་གནང་ནས། སྲིད་གཞུང་གི་ལས་དོན་སྙན་ཞུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་། ཐན་ཉུང་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་རྒྱུ། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་རྒྱུ་བཅས་ཀྱི་འབྲེལ་ཡོད་ལས་དོན་ཞིབ་འཇུག་གནང་ཡོད་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

    ལི་ཁེ་ཆང་གིས་མ་གཞི་དཔལ་འབྱོར་ཆག་པའི་གནོན་ཤུགས་དང་བརྟན་པོའི་ངང་འཕར་སྣོན་གཏོང་རྒྱུར་འགྲན་རྩོད་འཕྲད་ཡོད། འོན་ཀྱང་ང་ཚོས་སྔར་བཞིན་བློ་བརྟན་འགྱུར་མེད་ངང་ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་ནུས་ཁུངས་ཟད་གྲོན་དང་སྦུད་བཤངས་བྱེད་ཚད་ཉུང་དུ་འགྲོ་བ་དང་། དཔལ་འབྱོར་གོང་འཕེལ་ཡག་ཏུ་འགྲོ་བའི་ལམ་བུ་གསར་པ་ཞིག་ལ་འགྲོ་ཐུབ་པ་བྱས་ཏེ། མི་དམངས་མང་ཚོགས་དང་ཕྱི་རབས་པར་འགན་འཁུར་དགོས་ཞེས་གསུངས་པ་དང་།

    ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་འདི་ལོའི་ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་གི་ལས་དོན་ཐད་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་བྱེད་ཐབས་ནན་ཏན་བཟུང་སྟེ་ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་གི་ལས་འགན་ལྕི་མོ་ལེགས་གྲུབ་བྱེད་དགོས་པ་དང་། ཁྲིམས་འགལ་ངང་སྦུད་བཤངས་བྱས་པ་དང་ཚད་ལས་བརྒལ་ཏེ་སྦུད་བཤངས་བྱས་པ། ལྟ་ཞིབ་ཚད་ལེན་ལས་གཡོལ་བ་སོགས་ཀྱི་བྱ་སྤྱོད་ངན་པ་དང་ལྟ་སྐུལ་དོ་དམ་བྱེད་པའི་ལས་འཛོལ་བྱུང་བར་རྡུང་རྡེག་ནན་པོ་གཏོང་རྒྱུ། འབྲེལ་ཡོད་ཁེ་ལས་དང་ཚན་པ། འགན་འཁྲིའི་མི་སྣ་བཅས་ལ་ཆད་པ་ནན་པོ་གཅོད་རྒྱུ། འདི་ལོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངོན་སུམ་དང་ལྐོག་ཏུ་རྟོག་ཞིབ་བྱས་ཏེ་གནད་དོན་ཤེས་རྟོགས་ཐུབ་ཚེ་རྩད་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་ལས་ཐར་པར་རྩ་བ་ནས་མི་གཏོང་བ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    གྲོས་ཚོགས་ཐོག་རྩ་དོན་ཐོག་ནས་སྤྱི་ལོ་༢༠༡༤ལོ་ནས་༢༠༡༥ལོ་བར་གྱི་ནུས་ཁུངས་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་། ཐན་ཉུང་གོང་འཕེལ་བཅས་ཀྱི་བྱ་སྤྱོད་འཆར་གཞིར་གྲོས་འཆམ་བྱུང་བ་མ་ཟད་རང་རྒྱལ་གྱི་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་བྱ་སྤྱོད་འཆར་གཞིར་ཞིབ་འཇུག་དང་གྲོས་བསྡུར་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག