མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མའི་ལྕམ་མོ་མུས་ཞེ་ཨར་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:22

ཟླ3པའི་ཚེས21ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མའི་ལྕམ་མོ་མུས་ཞེ་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས21ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མའི་ལྕམ་མོ་མུས་ཞེ་ཨར་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ལ་ཧ་ཅང་གལ་ཆེ། བདག་གིས་ཙུང་ཐུང་ཨོ་པ་མ་དང་ངེད་གཉིས་བར་དུ་བྱ་བའི་འབྲེལ་བ་དང་མཛའ་བཤེས་འབྲེལ་བ་བཟང་བོ་འཛུགས་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ང་ཚོས་ཐུག་འཕྲད་དང་གྲོས་མོལ། འཕྲིན་གཏོང་སོགས་ཀྱི་རྣམ་པ་ལ་བརྟེན་ནས་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པའི་དམིགས་འབེན་གྱི་ཕྱོགས་སུ་ཅིས་ཀྱང་མདུན་སྐྱོད་བྱེད་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།

མུས་ཞེ་ཨར་གྱིས་བཤད་རྒྱུར། ང་ཚོ་ཁྱིམ་ཚང་གང་བོས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐུག་འཕྲད་གནང་བ་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་གདན་ཞུ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ་ཀྲུང་གོ་ཕྱོགས་ཀྱིས་སྣེ་ལེན་གང་ལེགས་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། བདག་གིས་རང་ཉིད་ཀྱི་བུ་མོ་དང་ཨ་མེ་རི་ཁའི་ལོ་ཆུང་ན་གཞོན་རྣམས་ཀྱིས་རྒྱལ་ཁབ་གཞན་པའི་གོམས་སྲོལ་དང་རིག་གནས་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་པ་དང་། ད་སྐབས་ཨ་མེ་རི་ཁའི་བྱིས་པ་མང་པོས་རང་རྒྱལ་དང་ཡང་ན་ཀྲུང་གོ་ན་རྒྱ་ཡིག་སྦྱོང་བཞིན་ཡོད་ལ། ན་གཞོན་ལོ་ཆུང་བར་གྱི་བརྗེ་རེས་དེ་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་ཧ་ཅང་གལ་ཆེ་ཟེར།

ཕིན་ལིས་ཡོན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་རིག་གནས་དང་སློབ་གསོ་ལ་རང་རང་གི་ཁྱད་ཆོས་ཡོད་པས་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ཆོག ཨ་མེ་རི་ཁའི་གྲོགས་པོ་རྣམས་ཀྱིས་ཁྱོད་ཚོའི་ཀྲུང་གོའི་མཐོང་ཐོས་ལོངས་སུ་སྤྱོད་ཐུབ་རྒྱུ་དང་ཀྲུང་གོའི་གནའ་བོའི་ལོ་རྒྱུས་རིག་གནས་དང་དེང་རབས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་རྒྱུས་ལོན་བྱེད་ཐུབ་རྒྱུའི་རེ་བ་བཅངས་ཡོད་ལ། ཁྱོད་ཚོས་ཀྲུང་གོ་མི་དམངས་ཀྱི་མཛའ་བཤེས་དེ་ཨ་མེ་རི་ཁའི་མི་དམངས་ལ་བརྒྱུད་སྒྲོག་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཉིན་དེའི་སྔ་དྲོར་ཕིན་ལིས་ཡོན་དང་མུས་ཞེ་ཨར་གཉིས་ཀྱིས་མཉམ་དུ་པེ་ཅིན་དགེ་ཐོན་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གཉིས་པར་གཟིགས་ཞིབ་གནང་། གཟིགས་ཞིབ་གནང་སྐབས་ཕིན་ལིས་ཡོན་གྱིས་མུས་ཞེ་ཨར་ལ་བཤད་རྒྱུར། དེ་རིང་གཟིགས་ཞིབ་བྱས་པ་བརྒྱུད་དེ་ཁྱོད་ཚོས་ཀྲུང་གོའི་སློབ་གསོར་རྒྱུས་ལོན་བྱེད་པར་རོགས་རམ་ཆེན་པོ་བྱེད་ཐུབ་པ་དང་། ཁྱོད་ཀྱི་བུ་མོ་གཉིས་ཀྱིས་ཀྱང་ཀྲུང་གོའི་གྲོགས་པོ་ཆུང་ཆུང་གང་མང་ངོ་ཤེས་པ་རེད་ཟེར།

མུས་ཞེ་ཨར་གྱིས་དེ་རིང་གཟིགས་ཞིབ་བྱས་པ་དེས་བདག་དང་ངའི་ཁྱིམ་མི་ཡོངས་ལ་བག་ཆགས་ཟབ་མོ་བཞག་པ་དང་། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ན་གཞོན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག