མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པའོ་ཐི་ལ་ཁ་པར་བཏང་སྟེ་ཕྱོགས་སོ་སོས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མ་ལེ་ཞི་ཡའི་གར་སོང་མ་ཤེས་པའི་གནམ་གྲུ་འཚོལ་ཞིབ་བྱེད་དགོས་རྒྱུའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པའོ་ཐི་ལ་ཁ་པར་བཏང་།

ཨ་པའོ་ཐི་ཡིས་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་གར་སོང་མ་ཤེས་པའི་དོན་རྐྱེན་ཐད་ནས་ཞི་ཅིན་ཕེན་ལ་འཚམས་འདྲི་ཞུས་པར་མ་ཟད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་འཚོལ་ཞིབ་ཁྲོད་ནས་རྒྱུས་ལོན་བྱས་པའི་གནས་ཚུལ་གསར་བ་ཁྱབ་བསྒྲགས་བྱས། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་འཁོར་སྐར་པར་རིས་བརྒྱུད་དེ་པའོ་སི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སྟོང་གསུམ་གྱི་ཕྱི་རོལ་དུ་ཡོད་པའི་ཧིན་རྡུ་རྒྱ་མཚོའི་ལྷོ་ཕྱོགས་མཚོ་ཁོངས་ནས་གར་སོང་མ་ཤེས་པའི་གནམ་གྲུའི་ཆག་རོ་ལྟ་བུ་རྙེད་དེ། གནམ་གྲུ་དང་དམག་གྲུ་མཚོ་ཁོངས་དེར་མངག་གཏོང་བྱས་ཟེར།

ཞི་ཅིན་ཕེན་གྱིས་ཨ་པའོ་ཐི་ཡིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་མཉམ་ལས་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་འབྲེལ་ཡོད་ཕྱོགས་སོ་སོས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མ་ལེ་ཞི་ཡའི་གར་སོང་མ་ཤེས་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་བྱེད་པ་དང་། དུས་ཐོག་ཏུ་ཀྲུང་གོ་ཕྱོགས་ལ་གནས་ཚུལ་བརྒྱུད་སྒྲོག་བྱེད་པར་རེ་བ་བྱེད་བཞིན་ཡོད་ལ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འཚོལ་ཞིབ་བྱ་བར་རོགས་རམ་བྱེད་པར་ཡང་རེ་བ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་འདོད་ཡོད་ཟེར།

ཨ་པའོ་ཐི་ཡིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱས་ནས་འཚོལ་ཞིབ་བྱ་བ་སྒྲུབ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དང་འབྲེལ་འདྲིས་དམ་པོ་བྱས་ནས། དུས་ཐོག་ཏུ་ཕན་ཚུན་བར་འབྲེལ་ཡོད་གནས་ཚུལ་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག