མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་དམག་གྲུ་དང་དམངས་གྲུ་ལས་འགན་བསྒྲུབ་ཁུལ་མཚོ་ཁོངས་སུ་སྐྱོད་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 10:19

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་ས་ཐོག་དང་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་བའི་ལས་དོན་ཉིན་༡༣ལ་སླེབས་པ་དང་མིག་སྔར་ཀྲུང་གོའི་ཕྱོགས་ཀྱི་དམག་གྲུ་དང་དམངས་གྲུ་འཆར་གཞི་ལྟར་ལས་འགན་བསྒྲུབ་ཁུལ་མཚོ་ཁོངས་སུ་སྐྱོད་བཞིན་ཡོད་པ་དང་འབྲེལ་ཡོད་རྒྱལ་ཁབ་གཞན་དག་གི་འཚོལ་སྐྱོབ་བྱ་སྤྱོད་ཀྱང་མུ་མཐུད་སྤེལ་བཞིན་ཡོད་པ་རེད།

    དེ་དང་དུས་མཚུངས་སུ་ཕྱོགས་ཁག་གིས་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུའི་འབྲེལ་ཡོད་ཆ་འཕྲིན་བརྟག་དཔྱད་བྱེད་རྒྱུ་ཡང་དུས་གཅིག་ཏུ་སྤེལ་བཞིན་ཡོད་པ་རེད།

    ཀྲུང་གོའི་མཚོ་ཐོག་འཚོལ་སྐྱོབ་ལྟེ་གནས་ཀྱིས་ཉིན་དེ་རང་ལ་ཀྲུང་གོའི་མཚོ་ཐོག་ཧྲའོ་ཧྭ་ཞེས་པ་སོགས་ཚོང་གྲུ་གསུམ་བྷང་ག་ལ་མཚོ་ཁུག་མཚོ་ཁོངས་དང་ཧིན་རྡུ་ཉི་ཞི་ཡ། དེ་བཞིན་ཨོ་སི་ཁྲུ་ལི་ཡ་བཅས་ཀྱི་ནུབ་ངོས་མཚོ་ཁོངས་སུ་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།

    རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཡང་ཡུལ་ཅུན་གྱིས། ཀྲུང་གོའི་ཕྱོགས་ནས་ལའི་ཏ་དང་སྲུང་སྐར་སོགས་སྒྲིག་ཆས་ཀྱིས་ཀྲུང་གོའི་ས་ཁོངས་ནང་གི་སྐམ་སའི་ཐོག་གི་འབྲེལ་ཡོད་ས་ཁོངས་སུ་འཐེན་ཞིབ་བྱེད་ཀྱི་ཡོད་ཅིང་མིག་སྔའི་བར། མ་ལེ་ཞི་ཡའི་ས་ཐོག་དང་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་ཅེས་གསུངས་འདུག

    ཨོ་སི་ཁྲུ་ལི་ཡའི་མཚོ་དོན་བདེ་འཇགས་ཅུས་ཀྱིས། ཨོ་སི་ཁྲུ་ལི་ཡ་ཕྱོགས་ནས་ཨ་རིའི་སྐྱེལ་འདྲེན་བདེ་འཇགས་ཅུས་ཀྱི་དབྱེ་ཞིབ་གསར་ཤོས་ལ་གཞིགས་ནས་འཚོལ་སྐྱོབ་ཁྱབ་ཁོངས་གཏན་འཁེལ་བྱས་ཡོད་ཅེས་བཤད་འདུག

    ཕ་ཁི་སི་ཐན་གྱི་ཙུང་ལིའི་མཁའ་སྐྱོད་གནད་དོན་གྱི་དམིགས་བསལ་ལས་རོགས་ཨ་ཅི་མུས། མ་ལེ་ཞི་ཡའི་ཙུང་ལི་ན་ཇི་པུས་ཉིན་དེ་རང་ལ་ཕ་ཁི་སི་ཐན་གྱི་ཙུང་ལི་ཤད་ལི་ཧྥུར་ཞལ་པར་བསྐྱོན་པ་དང་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་ས་ཐོག་དང་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་རྒྱུའི་ཐད་རོགས་རམ་གནང་རོགས་ཞུས་ཡོད་པ་རེད།

    ཤད་ལི་ཧྥུས་ཕ་ཁི་སི་ཐན་ཕྱོགས་ནས་རོགས་རམ་གང་ཐུབ་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཨ་ཅི་མུས་ད་དུང་གནམ་གྲུ་དེ་ཕ་ཁི་སི་ཐན་ཕྱོགས་སུ་འཕུར་སྐྱོད་བྱས་པའི་རྟགས་མཚན་བསྟན་མེད་རུང་ཕ་ཁི་སི་ཐན་གྱིས་ཁོང་དུ་ཆུད་པའི་ཆ་འཕྲིན་མ་ལེ་ཞི་ཡ་ཕྱོགས་དང་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་གསུངས་འདུག

    མ་ལེ་ཞི་ཡའི་ལས་ཚབ་འགྲིམ་འགྲུལ་པུའུ་ཀྲང་ཧའུ་སད་དབྱིང་གིས། མ་ལེ་ཞི་ཡས་མཐོ་རིམ་ལས་དོན་ཚོགས་ཆུང་གིས་པེ་ཅིན་དུ་བཏང་ནས་ས་ཐོག་དང་འབྲེལ་བ་ཆད་པའི་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་༣༧༠རྟགས་ཅན་གྱི་གནམ་གྲུའི་འབྲེལ་ཡོད་བྱ་དོན་ཐག་གཅོད་བྱེད་རྒྱུ་རེད་ཅེས་བཤད་འདུག

    མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པོ་ཡས་ཧེའི་ཡས། ༣༧༠རྟགས་ཅན་གྱི་གནམ་གྲུའི་མཁའ་ལམ་ནུབ་ངོས་སུ་སྒྱུར་བ་ནི་གནམ་གྲུའི་ཁ་ལོ་བ་གཞོན་པས་ས་ཐོག་དང་མཐའ་མའི་སྐད་ཆ་ཤོད་རེས་བྱས་རྗེས་རེད་ཅེས་བཤད་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག