མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ནས་མུ་མཐུད་མི་རིགས་ས་ཁུལ་དང་། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 09:45

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱར་གཞིགས་ནས། ཀྲུང་དབྱང་ནོར་སྲིད་ནས་ཆེད་མངགས་འབྲེལ་ཡོད་སྤོ་འགྱུར་གཏོང་སྤྲོད་མ་དངུལ་བཏང་ནས། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་ཟུར་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།

    སྤྱི་ལོ་༢༠༠༠ལོར། ཀྲུང་དབྱང་ནོར་སྲིད་ནས་མི་རིགས་ས་ཁུལ་ལ་སྤོ་འགྱུར་གཏོང་སྤྲོད་མ་དངུལ་བཏང་ནས་མི་རིགས་ས་ཁུལ་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་དང་། སྤོ་འགྱུར་གཏོང་སྤྲོད་མ་དངུལ་སྤྲོད་པའི་ཁྱབ་ཁོངས་ནི་མི་རིགས་རང་སྐྱོང་ལྗོངས་ལྔ་དང་། མཚོ་སྔོན། ཡུན་ནན། ཀུའེ་ཀྲོའུ། དེ་བཞིན་མི་རིགས་ཞིང་ལྗོངས་མ་ཡིན་པའི་མི་རིགས་རང་སྐྱོང་ཁུལ་བརྒྱད་བཅས་ཡིན་པ་རེད། སྤྱི་ལོ་༢༠༠༦ལོ་ནས་བཟུང་། སླར་ཡང་མི་རིགས་ཞིང་ལྗོངས་མ་ཡིན་པ་དང་མི་རིགས་རང་སྐྱོང་ཁུལ་གྱི་དོ་དམ་མངའ་ཁོངས་མ་ཡིན་པའི་མི་རིགས་རང་སྐྱོང་རྫོང་ཡང་སྤོ་འགྱུར་གཏོང་སྤྲོད་མ་དངུལ་སྤྲོད་སའི་ཁྱབ་ཁོངས་ནང་བཅུག་ཡོད་པས། གྲངས་ཉུང་མི་རིགས་ས་ཁུལ་ཚང་མར་ཁེབས་ཡོད་པ་མ་ཟད། མི་རིགས་ས་ཁུལ་གྱི་སྤོ་འགྱུར་གཏོང་སྤྲོད་མ་དངུལ་བརྟན་པོའི་ངང་འཕར་སྣོན་འགྲོ་བའི་སྒྲིག་གཞི་བཙུགས་ཡོད་པ་རེད། སྤྱི་ལོ་༢༠༠༠ལོ་ནས་༢༠༡༣ལོ་བར། ཀྲུང་དབྱང་ནོར་སྲིད་ནས་རིམ་བརྩིས་བྱས་ན་མི་རིགས་ས་ཁུལ་དུ་སྤོ་འགྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར་༢༨༥༣སྤྲད་ཡོད་པ་རེད།

    མཐའ་མཚམས་ས་ཁུལ་གྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱས་པའི་ཐད། ཀྲུང་དབྱང་ནོར་སྲིད་ནས་མཐའ་མཚམས་ས་ཁུལ་དུ་མཐའ་མཚམས་ས་ཁུལ་གྱི་སྤོ་འགྱུར་གཏོང་སྤྲོད་དང་། མཐའ་མཚམས་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར་གྱི་བྱ་སྤྱོད། རྒྱལ་ཁབ་རིམ་པའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་བུན་སྐྱེད་ཀ་སོགས་དམིགས་བསམ་གྱི་རྒྱབ་སྐྱོར་སྲིད་ཇུས་གསུམ་ལག་བསྟར་བྱས་ཡོད་པ་རེད།

    བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། སྤྱི་ལོ་༢༠༠༦ལོ་ནས་༢༠༡༣ལོ་བར། ཀྲུང་དབྱང་ནོར་སྲིད་ནས་རིམ་བརྩིས་བྱས་ན་མཐའ་མཚམས་ས་ཁུལ་དུ་སྤོ་འགྱུར་གཏོང་སྤྲོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར་༤༤༨ཟིན་ཡོད་པ་དང་། སྤྱི་ལོ་༢༠༠༠ལོ་ནས་༢༠༡༣ལོ་བར་རིམ་བརྩིས་བྱས་ན་མཐའ་མཚམས་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་༦༤སྤྲད་ཡོད་པ། སྤྱི་ལོ་༢༠༠༩ལོ་ནས་༢༠༡༣ལོ་བར། རིམ་བརྩིས་བྱས་ན་རྒྱལ་ཁབ་རིམ་པའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་བུན་སྐྱེད་ཀ་སྒོར་དུང་ཕྱུར་༦དང་བྱེ་བ་༨ཟིན་ཡོད་པ་རེད།

    དབུལ་ཕོངས་ས་ཁུལ་གྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱས་པའི་ཐད། སྤྱི་ལོ་༢༠༡༡ལོ་ནས་༢༠༡༣ལོར་བར། ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་དང་། རིམ་བརྩིས་བྱས་ན་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་༩༩༨བཀོད་སྒྲིག་བྱས་ཡོད་པ་མ་ཟད་གསར་དུ་ཁ་སྣོན་བྱས་པ་དེ་དག་མུ་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ལ་བེད་སྤྱོད་བཏང་བ་དང་། གསར་སྤེལ་རྣམ་པའི་དབུལ་སྐྱོར་ལ་རྒྱབ་སྐྱོར་ཤུགས་ཆེར་བྱས་པ། དབུལ་སྐྱོར་བྱ་ཡུལ་གྱི་རང་ངོས་གོང་འཕེལ་ནུས་པ་མཐོ་རུ་ཤུགས་ཆེན་བཏང་ཡོད་པ་རེད།

    ནོར་སྲིད་པུའི་སྔོན་རྩིས་སི་ནས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ཀྲུང་དབྱང་ནོར་སྲིད་ནས་སྤྱིར་བཏང་རང་བཞིན་གྱི་སྤོ་འགྱུར་གཏོང་སྤྲོད་མ་དངུལ་མང་དུ་གཏོང་བའི་སྒྲིག་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཙོ་གནད་ཐོག་མི་རིགས་ས་ཁུལ་དང་། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་སྤོ་འགྱུར་གཏོང་སྤྲོད་བྱེད་ཤུགས་མང་དུ་གཏོང་རྒྱུ། ས་ཁུལ་འདི་དག་གིས་མགྱོགས་མྱུར་ངང་བསྒྱུར་བཅོས་སྒོ་དབྱེ་བྱ་རྒྱུ་དང་། གོང་འཕེལ་ནུས་པ་མཐོ་རུ་གཏོང་རྒྱུ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱ་རྒྱུ་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག