མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་སྐོང་འཚོགས་གནང་བ།

རྩོམ་པ་པོ། ཚེ་དགའ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 09:45

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཟླ་༣པའི་ཚེས་༡༩ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་སྐོང་འཚོགས་གནང་ནས། སྲིད་གཞུང་ལས་དོན་སྙན་ཞུའི་གཙོ་གནད་ལས་ཀའི་སྡེ་ཁག་ལས་བགོས་གཏན་འཁེལ་གནང་བ་དང་། སྲིད་གཞུང་རང་བཞིན་གྱི་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་གསར་དུ་རྒྱག་མི་ཆོག་པའི་བླང་བྱ་སྔར་ལས་ལྷག་པའི་སྒོ་ནས་དོན་འཁྱོལ་བྱེད་རྒྱུའི་བྱ་ཐབས་བཀོད་སྒྲིག་གནང་ཡོད་པ་རེད།

    གྲོས་ཚོགས་ཐོག་ད་ལོའི་སྲིད་གཞུང་ལས་དོན་ཀྱི་ཕྱོགས་བཅོ་ལྔའི་ཐད་ཀྱི་གཙོ་གནད་ལས་འགན་༥༥གཏན་འཁེལ་གནང་བ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་ཁག་དང་། སྡེ་ཚན་ཁག་ལ་བགོ་འགྲེམ་བྱས་ཡོད་པ་རེད། གྲོས་ཚོགས་ཐོག་ད་ལོའི་ལས་ཀ་ཡག་པོ་བྱེད་པར། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་དགོས་ལ། གཙོ་གནད་མངོན་གསལ་ཡང་ཡོད་པ་དང་། འགག་གནད་དམ་འཛིན་ཡག་པོ་བྱེད་དགོས། དེ་ཡང་གཅིག་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྒུལ་ཤུགས་སྤྲོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལས་འཛིན་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། ནོར་ཁྲལ་དངུལ་རྩ། གཞུང་ཁོངས་ཁེ་ལས། མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། གོ་རིམ་ལྡན་པའི་སྒོ་ནས་ཁྲོམ་རར་ཞུགས་པའི་ཆོག་མཐུས་ལྷུག་གཏོང་བྱེད་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲུབ་གཞི་སྒྱུར་བཅོས་ཀྱིས་གྲུབ་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་དང་སྤྱི་ཡོངས་དཔལ་འབྱོར་འཁོར་སྐྱོད། མི་དམངས་མང་ཚོགས་ཀྱིས་སེམས་འཁུར་བྱེད་པའི་གནད་དོན་བཅས་ལ་མཉམ་སྒྲུབ་སྐུལ་འདེད་གཏོང་དགོས།

    གཉིས་ནས་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་ཁམས་སུ་གནས་ཐབས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྙོག་འཛིང་ཆེ་བའི་དཔལ་འབྱོར་དུས་བབ་ཀྱི་མདུན་དུ་དབྱེ་ཞིབ་དང་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས། མགོ་འབུར་རང་བཞིན་དང་། ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་རྟོགས་ཐུབ་པ་དང་། ཉེན་ཁ་སྣ་ཚོགས་ཏན་ཏིག་གིས་སྔོན་འགོག་དང་ཐག་གཅོད་བྱེད་དགོས། གསུམ་ནས་ནུས་ཤུགས་ཆེན་པོས་སྤུས་ཚད་མཐོར་གཏོང་དང་ནུས་འབྲས་མཐོར་གཏོང་དང་། དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་གཅོས་གཏོང་དགོས། ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ནས། ད་ལོའི་འབྲུ་རིགས་ལ་ལོ་ལེགས་ཡོང་རྒྱུ་དང་། ཞིང་པའི་ཡོངས་འབབ་འཕར་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་གསར་དར་གྲོང་རྡལ་ཅན་གྱི་འཆར་འགོད་དོན་འཁྱོལ་བྱས་ནས། ཁང་པ་ཐབས་ཆག་ཁུལ་སྒྱུར་བཀོད་བྱེད་རྒྱུ་ཚུད་པའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞི་འཛུགས་སྐྲུན་གྱི་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་བྱེད་དགོས། ཚན་རྩལ་གསར་གཏོད་དང་། དོ་དམ་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། རྗེས་ལུས་ཐོན་སྐྱེད་ནུས་ཤུགས་འདོར་བ་དང་། ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་དགོས། རླུང་ཁམས་ཆེན་མོ་དང་། ཆུ། ས་ཞིང་བཅས་ཀྱི་འབག་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྨན་བཅོས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཟ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་ཀྱི་སྐྱོབ་རོགས་གནས་སྐབས་ལག་བསྟར་བྱ་ཐབས་ལག་བསྟར་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དང་། དབུལ་སྐྱོར་དང་དབུལ་ཕོངས་ཉུང་གཏོང་སོགས་ཀྱི་དམིགས་ཚད་ལེགས་གྲུབ་བྱས་ནས། གཞི་རྩ་འགན་ལེན་དང་། གནས་ཚུལ་དངོས་མཐིལ་རྟོགས་པའི་དམངས་ཀྱི་འཚོ་བའི་བདེ་འཇགས་དྲ་བ་ཞིག་བརྟན་པོ་འཛུགས་དགོས་པའི་ནན་སྟོན་གནང་ཡོད་པ་དང་།

    གྲོས་ཚོགས་ཐོག་སྡེ་ཁག་ཁག་དང་། སྡེ་ཚན་ཁག་གིས་ཁྱོན་ཡོངས་ལ་རྐང་པ་འཛུགས་པ་དང་། གསར་གཏོད་རང་བཞིན་གྱིས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། གཙོ་འགན་འཁུར་མཁན་གྱིས་སྤྱི་འགན་འཁུར་དགོས། སྣེ་ཤན་སྡེ་ཁག་གིས་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། མཉམ་ལས་སྡེ་ཁག་དང་གཞོགས་འདེགས་ཧུར་ཐག་བྱས་ནས། ལས་ཀའི་མཉམ་ཤུགས་ཆགས་པ་བྱེད་དགོས། ཡོངས་བསྒྲགས་ལས་ཀར་ཤུགས་སྣོན་རྒྱག་ནས། དཔྱད་དཔོག་བྱེད་མཁན་ཕྱོགས་གཞན་ཞིག་གདན་ཞུས་བྱེད་པ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། སྡེ་ཁག་ཁག་དང་། སྡེ་ཚན་ཁག་གིས་ལས་བགོས་ཀྱི་ཞིབ་ཕྲའི་བྱ་ཐབས་དུས་ཚོད་དམ་འཛིན་གྱིས་གོང་ཞུ་བྱེད་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་། ཕན་འབྲས་དངོས་ཐོབ་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག