མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོས་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་ཐག་མི་རིང་བར་བསྟན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-12 16:49

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས་ཡོད།  ཁོང་ཉིད་1990ལོའི་ཟླ2པའི་ཚེས13ཉིན་བོད་ལྗོངས་ལྷ་རི་རྫོང་གི་བོད་རིགས་ཁྱིམ་ཚང་དཀྱིས་མ་ཞིག་ཏུ་སྐུ་བལྟམས་པ་དང་།  1995ལོའི་ཟླ11པའི་ཚེས29ཉིན་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འབེབས་ལྟར།  ལྷ་སའི་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤྰཀྱ་མི་ནེ་སྐུ་མདུན་དུ་གསེར་བུམ་དཀྲུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བར་བརྒྱུད།  པན་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་ངོས་འཛིན་བྱས། 

    ད་ལོར་ཁོང་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ཆ་ནས་རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ལ་ཞུགས་པའི་ལོ་ལྔ་བ་ཡིན་ལ། གྲོས་ཚོགས་སྐབས་སུ། ཁོང་གིས་སྤྱན་ལམ་དུ་རྒྱལ་གཅེས་དང་འདུན་མ་ནི་ཅི་འདྲ་ཞིག་ཡིན་པ་དང་།  རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུས་ཚོད་ཅི་ལྟར་བེད་སྤྱོད་བྱེད་པའི་སྐོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་བཅར་འདྲི་དང་ལེན་བྱས།

    ཚོགས་འདུའི་ཐོག་མཐའ་བར་གསུམ་དུ་མི་ཚང་མའི་མིག་ལམ་དུ་དགོང་ལོ24ལ་སོན་ཡོད་པའི་པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གི་ཁེངས་སྐྱུང་གཤིས་འཇམ་མཐོང་ཐུབ་ལ།  གྲོས་ཚོགས་གཉིས་ལ་ཞུགས་ནས་ལོ་ལྔའི་ནང་དུ།  རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་སྟེང་ཆོས་ལུགས་ལས་རིགས་ཁག་ལ་སྨྱན་བྱད་སྡེ་ཁག་གིས་དོ་སྣང་བྱེད་ཀྱིན་ཡོད།  ཐེངས་འདིའི་འཅར་འདྲི་ཁྲོད་ཁོང་གིས་ཆོས་ལུགས་ལས་རིགས་ཐད་ཀྱི“རྒྱལ་གཅེས་ཆོས་གཅེས”གནད་དོན་ལ་རང་ཉིད་ཀྱི་ལྟ་ཚུལ་གསུང་བ་དང་།  འདི་ནི་ལས་འགན་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་ལྟ་ཚུལ་ཏག་ཏག་ཞིག་མིན་པ་དང་། གདེམ་གསེས་བྱེད་ཆོག་པའི་དགའ་ཕྱོགས་ཞིག་ཀྱང་མིན་ཞེས་གསུངས།

    ནང་བསྟན་ཆོས་ལུགས་མི་སྣ་ཞིག་ལ་མཚོན་ན་འགྲོ་བ་ཐམས་ཅད་ལ་ཕན་པ་དང་།  སྤྱི་ཚོགས་ལ་གནོད་མི་བསྐྱལ་བ་ནི་ལས་འགན་ཡིན་ལ། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་ཁབ་དང་ཆོས་ལུགས་ཀྱི་ལས་དོན་ལ་རྒྱབ་འགལ་བྱེད་པ་དེ་མི་རང་ཉིད་ལ་གནོད་བྱེད་པ་དང་མཚུངས།  ཁོང་གིས་ད་དུང་སྐུ་ཕྲེང་སྔོན་མ་མཆོག་གིས“རྒྱལ་གཅེས་ཁྲིམས་སྐྱོང་དང་ཆོས་གཅེས་སྡོམ་སྲུང”བྱེད་དགོས་པར་གསུང་བ་ནང་བཞིན། རྒྱལ་གཅེས་ནི་འབོད་སྐུལ་ཙམ་མིན་པར།  ལག་ལེན་སྟེང་དངོས་སུ་སྤྱོད་དགོས་པར་གསུང་།  རྒྱལ་གཅེས་ཐད་ནས།  ང་ཚོས་མི་ཚང་མར་དོན་ཆེན་སྒྲུབ་དགོས་པའི་རེ་བ་འདོན་མི་རུང་ལ།  འོན་ཀྱང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཞིག་ཡིན་པའི་ཆ་ནས་ངེས་པར་ཏུ་བཅའ་ཁྲིམས་བརྩི་སྲུང་བྱ་དགོས་པ་དང་།  ཆོས་ལུགས་མི་སྣ་ཞིག་ཡིན་པའི་ཆ་ནས་ཆོས་གཅེས་སྡོམ་སྲུང་བྱ་དགོས་པ་སོགས་ནི་གཞི་རྩ་ཡིན།  གལ་ཏེ་འདི་དག་སྒྲུབ་མ་ཐུབ་ཚེ། མིང་དོན་མཚུངས་བའི་སྤྱི་དམངས་ཞིག་མིན་ལ་ཚད་ལྡན་གྱི་ཆོས་ལུགས་མི་སྣ་ཞིག་ཀྱང་མིན་པར་གསུངས། 

    བཅར་འདྲི་ཁྲོད་གསར་འགོད་པས་པན་ཆེན་མཆོག་ལ་ཀྲུང་གོའི་མདུན་མར་ཅི་ལྟར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་དྲིས་པ་ན།  ཁོང་གིས་ཚང་མའི་འདོད་བློ་ནི་ཀྲུང་གོའི་འདུན་མ་ཡིན་པར་བསྟན། 

    པན་ཆེན་མཆོག་གིས་ཀྲུང་གོའི་འདུན་མ་ནི་ཀྲུང་གོའི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་ཡིན་ལ། མི་རིགས56གི་ཐུན་མོང་གི་འདོད་བློ་དང་། མི་དམངས་དུང་ཕྱུར13གྱི་ཐུན་མོང་གི་འདོད་བློ་ཞིག་ཀྱང་ཡིན་པར་མ་ཟད། ང་དང་ཁྱོད། ཁོའི་འདོད་བློ་ཡང་ཡིན། ཀྲུང་གོའི་འདུན་མ་ནི་མངོན་འགྱུར་འབྱུང་དཀའ་བའི་རྨི་ལམ་ལྟ་བུ་ཞིག་མིན་པ་དང་། དེ་ནི་མངོན་འགྱུར་འབྱུང་སྲིད་པའི་མ་འོངས་པའི་རེ་འདུན་ཡིན་ཞེས་གསུངས།

    ང་རང་ཉིད་ཀྱི་ཀྲུང་གོའི་འདུན་མ་ནི་མེས་རྒྱལ་སྟོབས་འབྱོར་དང་མི་རིགས་མཐུན་སྒྲིལ།འགྲོ་བ་བདེ་སྐྱིད། ནང་བསྟན་དར་སྤེལ་བྱ་རྒྱུ་དེ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག