མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་ཁ་པར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-11 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་ཁ་པར་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཞི་ཅིན་ཕེན་གྱིས་བསྟན་དོན། ན་ནིང་འུ་གཉིས་ཀྱིས་ཐེངས་གཉིས་ལ་གྲོས་མོལ་བྱས་པར་མ་ཟད། ཕན་ཚུན་བར་གཅིག་མཐུན་གྱི་ལྟ་ཚུལ་གལ་ཆེན་རབ་དང་རིམ་པ་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོའི་ཐད་ནས་ཕན་ཚུན་ལ་བརྩི་བཀུར་བྱས་ནས། ཕྱོགས་གཉིས་བར་གྱི་གྲོས་མོལ་དང་ཡིད་ཆེས། མཉམ་ལས་བཅས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་མཐུད་དང་བདེ་བླག གཏན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། བདག་གིས་མི་འགྱང་བར་ཙུང་ཐུང་ཨོ་པ་མ་དང་ཡང་བསྐྱར་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད་པར་མ་ཟད། ཁྱེད་ཀྱི་ལྕམ་མོ་མུས་ཞེ་ཨར་གྱིས་ཀྲུང་གོར་འཚམས་འདྲི་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཨོ་པ་མ་ཡིས་བསྟན་དོན། ན་ནིང་ང་ཚོས་ཨན་ན་པོ་ཀི་གཞིས་ཁྱིམ་ནས་གྲོས་མོལ་བྱས་པའི་ཚུན་ལ་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་གྲུབ་འབྲས་ཆེན་པོ་ཐོབ། ད་ལོ་ནི་ཨ་མེ་རི་ཁ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པའི་ལོ་རེད། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་མཉམ་ལས་ཀྱི་ཐད་ནས་གྲུབ་འབྲས་གསར་བ་ལོན་པར་རེ་བ་བྱེད་བཞིན་ཡོད་ལ། བདག་གིས་ཀྱང་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཡང་བསྐྱར་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད་པར་མ་ཟད། བདག་གི་ལྕམ་མོ་མུས་ཞེ་ཨར་གྱིས་མི་འགྱང་བར་ཀྲུང་གོར་འཚམས་འདྲི་བྱེད་ཐུབ་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཨོ་པ་མ་ཡིས་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་བོར་བརླག་བྱུང་བའི་དོན་རྐྱེན་གྱི་ཐད་ནས་འཚམས་འདྲི་བྱས་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གྲུ་འཚོལ་ཞིབ་དང་མྱུར་སྐྱོབ་བྱེད་པའི་ཐད་ནས་ནུས་ཤུགས་ཡོད་ཚད་བཏོན་ནས་མཉམ་ལས་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ང་ཚོས་ཀྲུང་གོ་དང་ཨ་མེ་རི་ཁའི་འགྲུལ་བ་ནང་དུ་འདུ་བའི་གནམ་གྲུའི་སྟེང་གི་མི་རྣམས་ཀྱི་བདེ་འཇགས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཨོ་པ་མ་ཡིས་ད་དུང་ཡུན་ནན་ཁུང་མེན་གྱི་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ཚབས་ཆེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཡོངས་ལ་མྱ་ངན་ཞུས་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་ངོ་བོ་ལྡན་པའི་བྱ་འགུལ་ཡོད་ཚད་ལ་ངོ་རྒོལ་དྲག་པོ་བྱེད་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ཕྱོགས་ཡོངས་ནས་སྤེལ་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་མཉམ་དུ་རྡུང་རྡེག་གཏོང་འདོད་ཡོད་ཟེར། ཨོ་པ་མ་ཡིས་ད་དུང་ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་ཐད་བཟུང་བའི་ལྟ་ཚུལ་མཚམས་སྦྱོར་བྱས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག