མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-11 11:13

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་ཚེས10ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས།

ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་འདུར་ཞུགས།

ཚང་འཛོམས་གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་ཉིས་སྟོང་དགུ་བརྒྱ་གྱ་གསུམ་ཡོད་པ་དང་། འཐུས་མི་ཉིས་སྟོང་བརྒྱད་བརྒྱ་གྱ་དགུ་ཚོགས་འདུར་ཞུགས་ལ། མི་གོ་བཞི་ཚོགས་ཐོག་ཏུ་མ་འབྱོར། ཚོགས་འདུར་ཞུགས་པའི་མི་གྲངས་བཅའ་ཁྲིམས་ཀྱི་གཏན་ཁེལ་དང་མཐུན།

ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཕྱོགས་བདུན་ནས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ལོ་གཅིག་གི་བྱ་བ་གཙོ་བོ་སྙན་ཞུ་བྱས། གཅིག ཁྲིམས་ལྟར་ནག་ཉེས་ལ་ཆད་པ་བཅད་པ་དང་འགྲོ་མིའི་ཐོབ་ཐང་ལ་འགན་སྲུང་བྱས་ཤིང་། འགལ་བ་ཐག་བཅད་དེ་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱས་པ། གཉིས། ཁྲིམས་ལྟར་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྱོད་དོན་རིགས་སྣ་ཚོགས་བསྒྲུབས་ཏེ། དཔལ་འབྱོར་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ། གསུམ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ལྟར་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་པ། བཞི། ཁྲིམས་འཛིན་ཡོངས་སྒྲོག་ཟབ་སྤེལ་བྱས་ཏེ་ཁྲིམས་འཛིན་ཡོངས་སྒྲོག་ལ་ཡར་སྐུལ་བྱས་པ། ལྔ། ཁྲིམས་འཛིན་བཅོས་སྒྱུར་སྐུལ་སྤེལ་བྱས་པ་དང་ལྟ་རྟོག་མཛུབ་སྟོན་ཇེ་དྲག་ཏུ་བཏང་ནས། ཁྲིམས་འཛིན་ཆུ་ཚད་ཇེ་མཐོར་བཏང་བ། དྲུག དོ་དམ་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ཁང་གི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་པ། བདུན། རང་འགུལ་གྱིས་ལྟ་རྟོག་དང་ལེན་བྱས་ཏེ་བྱ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་པ་བཅས་རེད།

ཀྲིག་ཆང་གིས་ཕྱོགས་དྲུག་ནས་ཉིས་སྟོང་བཅུ་བཞི་ལོའི་བྱ་བའི་བཀོད་སྒྲིག་སྙན་ཞུ་བྱས་པ་སྟེ། གཅིག བདེ་འཇགས་ཀྱི་ཀྲུང་གོ་ཧུར་ཐག་གིས་སྐུལ་སྤེལ་བྱེད་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པ། གཉིས། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱེད་པ། གསུམ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ཚད་དང་དྲང་བདེན་སྒོས་ཁྲིམས་འཛིན་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་བ། བཞི། ཁྲིམས་འཛིན་བཅོས་སྒྱུར་ཧུར་ཐག་དང་བརྟན་བརླིང་སྒོས་སྤེལ་བ། ལྔ། ཁྲིམས་ཁང་གི་དཔུང་སྡེའི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ། དྲུག མི་དམངས་ཁྲིམས་ཁང་གི་གཞི་རིམ་རྨང་གཞིའི་བྱ་བར་དངོས་སུ་ཤུགས་སྣོན་པ་བཅས་རེད།

ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཚའོ་ཅན་མེན་གྱིས་ཕྱོགས་དྲུག་ནས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ལོ་གཅིག་གི་བྱ་བ་གཙོ་བོ་ཡར་ཞུ་བྱས། གཅིག བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཏེ་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱས་པ། གཉིས། འགན་འཛོལ་ནག་ཉེས་བཤེར་སྒྲུབ་དང་སྔོན་འགོག་བྱེད་ཤུགས་ཇེ་ཆེར་བཏང་ནས། རུལ་འགོག་གཙང་སྤེལ་གྱི་འཛུགས་སྐྲུན་སྤེལ་བ། གསུམ། གཏུག་བཤེར་བྱ་འགུལ་གྱི་བཅའ་ཁྲིམས་ལྟ་རྟོག་ཇེ་དྲག་ཏུ་བཏང་ནས་ཁྲིམས་འཛིན་དྲང་གཞག་ལ་སྲུང་སྐྱོབ་བྱས་པ། བཞི། ཞིབ་དཔྱོད་འགན་ནུས་ལ་རྐང་བཙུགས་ཏེ་འཕེལ་རྒྱས་ལ་ཡར་སྐུལ་དང་དམངས་འཚོར་འགན་སྲུང་བྱས་པ། ལྔ། རང་སྟེང་གི་ལྟ་རྟོག་ལ་ཤུགས་བསྣན་ཏེ་གཟབ་ནན་དང་ཚད་ལྡན། དྲང་གཞག དཔལ་ཡོན་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་པར་ཁག་ཐེག་བྱས་པ། དྲུག ཞིབ་དཔྱོད་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་དྲང་བདེན་དང་སྤྱོད་གཙང་སྒོས་ཁྲིམས་འཛིན་པའི་ཆུ་ཚད་ཇེ་མཐོར་བཏང་བ་བཅས་རེད།

ཉིས་སྟོང་བཅུ་བཞི་ལོའི་ཞིབ་དཔྱོད་བྱ་བ་བཀོད་སྒྲིག་བྱེད་སྐབས། ཚའོ་ཅན་མེན་གྱིས་གཅིག་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱེད་དགོས། གཉིས་ནས་ཉེས་དོན་ནག་ཉེས་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་བཅད་ནས་སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། གསུམ་ནས་འགན་འཛོལ་ནག་ཉེས་བཤེར་སྒྲུབ་དང་སྔོན་འགོག་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། བཞི་ནས་བཅའ་ཁྲིམས་ལྟ་རྟོག་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། གཟབ་ནན་སྒོས་ཁྲིམས་འཛིན་པ་དང་དྲང་གཞག་གིས་ཁྲིམས་འཛུགས་པར་ཡར་སྐུལ་བྱེད་དགོས། ལྔ་ནས་ཞིབ་དཔྱོད་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་དགོས། དྲུག་ནས་ནུས་པ་ཆེ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས་ཞེས་བཤད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་གྱིས་ཚོགས་འདུར་མགོ་འཛིན་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག