མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མ་ལེ་ཞི་ཡ་ནས་པེ་ཅིན་ལ་འཕུར་བའི་གནམ་གྲུར་འབྲེལ་གཏུག་ཆད་རྗེས། འབྲེལ་ཡོད་ལས་ཁུངས་སོ་སོས་འཕྲལ་སྒྲུབ་བྱ་བ་སྒྲུབ་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས8ཉིན་གྱི་ཞོགས་པར་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་པའོ་དབྱིན777རྟགས་ཅན་གྱི་གནམ་གྲུ་ཞིག་མ་ལེ་ཞི་ཡའི་ཅི་ལུང་ཕོ་ནས་པེ་ཅིན་ལ་འཕུར་སྐབས་ས་ངོས་དང་འབྲེལ་གཏུག་བྱེད་མཚམས་ཆད། གནམ་གྲུའི་ནང་དུ་བསྡོམས་པས་འགྲུལ་བ་ཉིས་བརྒྱ་དང་སོ་དགུ་ཡོད་ཅིང་དེའི་ནང་དུ་ཀྲུང་གོའི་འགྲུལ་བ་བརྒྱ་དང་ང་བཞི་ཡོད། མིག་སྔར་སྔོན་དཔག་བྱས་པ་ལྟར་ན་འགྲུལ་སྐྱེལ་གནམ་གྲུ་དེ་མ་ལེ་ཞི་ཡ་དང་ཡོ་ནན་གཉིས་ཀྱི་མཚོ་ཁོངས་སུ་ལྷུང་ཡོད་པ་དང་ད་ལྟ་འཚོལ་ཞིབ་དང་མྱུར་སྐྱོབ་བྱེད་བཞིན་ཡོད།

ཉིན་དེའི་ཞོགས་པའི་དུས་ཚོད་བརྒྱད་ཀྱི་སྟེང་རང་རྒྱལ་གྱི་མཚོ་ངོས་འཚོལ་ཞིབ་མྱུར་སྐྱོབ་ལྟེ་གནས་ལ་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་བཏང་བའི་ཅི་ལུང་ཕོ་ནས་པེ་ཅིན་ལ་འཕུར་བའི་མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཞིག་དང་བར་སྣང་དོ་དམ་ཚོད་འཛིན་ཅུའུ་བར་ལ་འབྲེལ་གཏུག་བྱེད་མཚམས་ཆད་པའི་བརྡ་འབྱོར། ཕྱི་འབྲེལ་པུའུ་དང་ཕྱི་རྒྱལ་དུ་ཡོད་པའི་འབྲེལ་ཡོད་གཞུང་ཚབ་ཁང་གིས་དུས་ཐོག་ཏུ་འཕྲལ་སྒྲུབ་ནང་རྐྱེན་བཙུགས་པ་དང་། མ་ལེ་ཞི་ཡ་དང་ཡོ་ནན་ན་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་འཕྲལ་སྒྲུབ་བྱ་བའི་ཚན་ཁག་བཙུགས་ནས་འབྲེལ་ཡོད་ལས་དོན་ཐག་བཅད་པ་དང་། མ་ལེ་ཞི་ཡའི་གཞུང་ཚབ་ཁང་གིས་བྱ་བ་ཚང་མ་སྒྲུབ་མཚམས་བཞག་སྟེ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དོན་རྐྱེན་དེ་ཐག་གཅོད་བྱེད་བཞིན་ཡོད།

ཉིན་དེའི་ཉིན་གུང་ཕྱི་འབྲེལ་པུའུ་ཡིས་མྱུར་དུ་འགྲིམ་འགྲུལ་པུའུ་དང་སྤྱི་བདེ་པུའུ། དམངས་སྲིད་པུའུ་སོགས་ལས་ཁུངས་བཅུ་ལྷག་རྩ་འཛུགས་བྱས་ནས་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བའི་འབྲེལ་གཏུག་གྲོས་ཚོགས་བསྡུས། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་བཤད་རྒྱུར། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་ཆེན་པོ་འཁུར་དགོས་པ་དང་མྱུར་དུ་འགུལ་སྐྱོད་སྤེལ་དགོས་ལ། ལས་ཁུངས་སོ་སོ་དང་མཐུན་སྦྱོར་དམ་པོ་བྱས་ནས་དུས་ཐོག་ཏུ་མ་ལེ་ཞི་ཡའི་ཅི་ལུང་ཕོ་ནས་པེ་ཅིན་ལ་འཕུར་བའི་གནམ་གྲུ་ལ་འབྲེལ་གཏུག་བྱེད་མཚམས་ཆད་པའི་དོན་རྐྱེན་ལ་ཁ་གཏད་འཇལ་དགོས་ཟེར།

ཚོགས་ཐོག་ནས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཕྲལ་སྒྲུབ་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཐོག་མར་འབྲེལ་ཡོད་རྒྱལ་ཁབ་ཀྱིས་འཚོབ་ཞིབ་མྱུར་སྐྱོབ་བྱེད་དགོས་པར་མ་ཟད་ཀྲུང་གོའི་འགྲུལ་བའི་འབྲེལ་ཡོད་བྱ་བ་འོས་འཚམ་སྒོས་ཐག་གཅོད་དགོས། དེ་དང་མཉམ་དུ་གྲུ་གཟིངས་དང་གནམ་གྲུ་འབྲེལ་ཡོད་མཚོ་ཁོངས་སུ་མངག་ཏེ་འཚོལ་ཞིབ་མྱུར་སྐྱོབ་བྱ་བ་སྒྲུབ་དགོས་པ་དང་། སྤྱི་དམངས་ཡོངས་ལ་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱེད་རྒྱུ་ཐག་བཅད།

མིག་སྔར། འགྲིམ་འགྲུལ་པུའུ་ཡིས་ཆེད་ལས་མྱུར་སྐྱོབ་གྲུ་གཟིངས་བཅུ་བཞི་དང་མཚོ་དོན་ཁྲིམས་འཛིན་གྲུ་གཟིངས་དྲུག དེ་མིན་སྐོར་ཞིབ་རྒུད་སྐྱོབ་གནམ་གྲུ་གཉིས་བཅས་གྲ་སྒྲིག་བྱས་ཡོད་པ་དང་། ཡོ་ནན་རྒྱལ་ཁབ་ཀྱི་འཚོལ་ཞིབ་ལྟེ་གནས་ཀྱི་སྔོན་དཔག་བྱས་པ་ལྟར་ན། གནམ་གྲུ་དེ་མ་ལེ་ཞི་ཡ་དང་ཡོ་ནན་གཉིས་ཀྱི་མཚོ་ཁོངས་སུ་ལྷུང་བ་དང་། རང་རྒྱལ་གྱི་འཚོལ་ཞིབ་མྱུར་སྐྱོབ་གྲུ་གཟིངས་གཉིས་མཚོ་ཁོངས་དེར་སྐྱོད་བཞིན་ཡོད་ལ། ཀྲུང་གོའི་མཚོ་ངོས་ཉེན་རྟོག་བཀོད་འདོམས་ལྟེ་གནས་ཀྱིས་ཀྱང་མཚོ་ངོས་ཉེན་རྟོག་པའི3411རྟགས་ཅན་གྱི་གྲུ་གཟིངས་མཚོ་ཁོངས་དེར་མྱུར་སྐྱོབ་བྱེད་པར་མངགས། རྒྱལ་སའི་གནམ་གྲུ་ཐང་གི་སྒྲིག་ལམ་རྒྱུན་ལྡན་ཡིན།

མཚམས་སྦྱོར་བྱས་པ་ལྟར་ན། མ་ལེ་ཞི་ཡའི་པའོ་དབྱིན777རྟགས་ཅན་གནམ་གྲུ་དེ་པེ་ཅིན་གྱི་དུས་ཚོད་ཚེས་བརྒྱད་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་ཞེ་གཅིག་སྟེང་ཅི་ལུང་ཕོ་ནས་འཕུར་མགོ་བརྩམས་པ་དང་ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་སྟེང་པེ་ཅིན་ལ་ཐོན་དགོས།

གསལ་སྒྲོག་ལས་བསྟན་དོན། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིས་གནམ་གྲུ་ནང་གི་འགྲུལ་བའི་ཁྱིམ་མི་ལ་འབྲེལ་གཏུག་བྱས་ནས་ཁོ་ཚོར་གནས་ཚུལ་གསར་བ་ཁྱབ་སྒྲོག་བྱེད་བཞིན་ཡོད་པ་དང་། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིས་དེ་དང་མཉམ་དུ་པེ་ཅིན་ལ་མི་སྣ་མངགས་ཏེ་ཀྲུང་གོའི་འགྲུལ་བའི་ཁྱིམ་མི་ལ་རྒྱབ་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག