མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུར་འབྲེལ་གཏུག་བྱེད་མཚམས་ཆད་པའི་ཐད་ལ་་ཆོག་མཆན་མཛུབ་སྟོན་གལ་ཆེན་གནང་སྟེ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཕྲལ་སྒྲུབ་ཐག་གཅོད་དང་ཀྲུང་གོའི་སྤྱི་དམངས་ཀྱི་འདས་མཇུག་བྱ་བ་བཟང་བོར་སྒྲུབ་དགོས་པའི་ཐུགས་རེ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གྱི་དུས་ཚོད་ཟླ3པའི་ཚེས8ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་ཞེ་གཉིས་ཀྱི་སྟེང་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་པའོ་དབྱིན777རྟགས་ཅན་གྱི་གནམ་གྲུ་ཞིག་གིས་མ་ལེ་ཞི་ཡའི་ཅི་ལུང་ཕོ་ནས་པེ་ཅིན་ལ་འཕུར་བའི་ལས་འགན་ལག་བསྟར་བྱས་པ་དང་། གནམ་གྲུའི་ནང་དུ་བསྡོམས་པས་འགྲུལ་བ་ཉིས་བརྒྱ་དང་སོ་དགུ་ཡོད་ཅིང་དེའི་ནང་དུ་ཀྲུང་གོའི་འགྲུལ་བ་བརྒྱ་དང་ལྔ་བཅུ་ཡོད། དུས་ཚོད་གཅིག་དང་སྐར་མ་ཉི་ཤུའི་སྟེང་གནམ་གྲུ་དང་ས་ངོས་བར་ལ་འབྲེལ་གཏུག་བྱེད་མཚམས་ཆད། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། འཚོལ་ཞིབ་མྱུར་སྐྱོབ་ལས་ཁུངས་དང་མཉམ་ལས་བྱས་ནས་གནམ་གྲུ་ལྷུང་སའི་གནས་གཏན་འཁེལ་བྱས་ཟེར།

གནས་ཚུལ་དེ་ཤེས་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མྱུར་དུ་ཆོག་མཆན་མཛུབ་སྟོན་གལ་ཆེན་གནང་སྟེ། ཕྱི་འབྲེལ་པུའུ་དང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་ཁབ་དེའི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་འདྲིས་བྱས་ཏེ། འཚོལ་ཞིབ་མྱུར་སྐྱོབ་བྱ་བར་དོ་སྣང་ཆེན་པོ་བྱེད་དགོས་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཕྲལ་སྒྲུབ་ཐག་གཅོད་དང་ཀྲུང་གོའི་སྤྱི་དམངས་ཀྱི་འདས་མཇུག་བྱ་བ་བཟང་བོར་སྒྲུབས་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་དམངས་སྤྱོད་མཁའ་འགྲུལ་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་མྱུར་དུ་འཕྲལ་སྒྲུབ་ནང་རྐྱེན་བཙུགས་ཏེ། འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པར་གཞོགས་འདེགས་དམ་པོ་བྱེད་པ་དང་དམངས་སྤྱོད་མཁའ་འགྲུལ་མངའ་ཁོངས་ཀྱི་བདེ་འཇགས་ཞིབ་བཤེར་ལ་སྔར་ལས་ཤུགས་བསྣན་ནས། དམངས་སྤྱོད་མཁའ་འགྲུལ་བྱ་བ་བདེ་འཇགས་ཡིན་པ་འགན་སྲུང་བྱེད་དགོས་པའི་ཐུགས་རེ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མྱུར་སྐྱོབ་འདས་མཇུག་བྱ་བའི་ཐད་ལ་ཆོག་མཆན་མཛུབ་སྟོན་གལ་ཆེན་གནང་སྟེ། འབྲེལ་ཡོད་ལས་ཁུངས་ཀྱིས་མ་ལེ་ཞི་ཡའི་དམངས་སྤྱོད་མཁའ་འགྲུལ་ལས་ཁུངས་དང་འབྲེལ་འདྲིས་དམ་པོ་བྱས་ནས་འཚོལ་ཞིབ་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་གནམ་གྲུའི་སྟེང་གི་ཀྲུང་གོའི་འགྲུལ་བའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱེད་དགོས་པར་མ་ཟད། ཕྱི་ཕྱོགས་དང་མཉམ་དུ་འཕྲལ་སྒྲུབ་མྱུར་སྐྱོབ་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་པ་དང་དུས་ཐོག་ཏུ་འགྲུལ་བའི་ཁྱིམ་མིའི་བྱ་བ་བཟང་བོར་སྒྲུབ་དགོས་པའི་ཐུགས་རེ་བཏོན། ཕྱི་འབྲེལ་པུའུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། དམངས་སྤྱོད་མཁའ་འགྲུལ་ཅུའུ་སོགས་ལས་ཁུངས་དང་མ་ལེ་ཞི་དང་ཡོ་ནན་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་བཅས་ཀྱིས་འཕྲལ་སྒྲུབ་ནང་རྐྱེན་བཙུགས་ནས་ཐག་གཅོད་དང་བཀོད་སྒྲིག་བྱ་བ་སྒྲུབ་མགོ་བརྩམས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག