མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འབྲེལ་ཡོད་དབུ་ཁྲིད་ནས་འཐུས་མི་ཚོགས་པ་ཁག་དང་ལྷན་དུ་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུར་གྲོས་ཞིབ་གནང་བ།

  ཡོང་ཁུངས། བོད་སྐད་རླུང་འཕྲིན་དྲ་བ།  2014-03-08 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སོགས་ཀྱི་འགོ་ཁྲིད་བློ་མཐུན་སྤྱི་ཚེས6ཉིན་ཁག་སོ་སོར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་འབྲེལ་ཡོད་འཐུས་མི་ཚོགས་པའི་སར་ཕེབས་ནས། འཐུས་མི་རྣམས་དང་ལྷན་དུ་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུར་གྲོས་ཞིབ་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་འགོ་འཛིན་སུའུ་ཀྲན་ཧྲུའུ་ཀུད་ཀྲའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། ཁོང་གིས་ན་ནིང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དེ་སྔོན་དཔག་ལས་ཡག་པ་བྱུང་ཡོད། དེའི་ཆེས་རྩ་བར་གྱུར་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་དང་བསྟུན་པ་དང་། མིག་རྒྱང་རིང་པོའི་ཐོག་ནས། དཔལ་འབྱོར་གོང་འཕེལ་གྱི་ཆོས་ཉིད་དང་། ཁ་ཕྱོགས། འཕེལ་ཚུལ་སོགས་ཡང་དག་པའི་ཐོག་ནས་ཁོང་དུ་ཆུད་པ་བྱས་པའི་འབྲས་བུ་ཞིག་ཡིན་ཞིང་། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་གི་བཀོད་ཇུས་ལག་བསྟར་ནན་ཏན་བྱས་ཐོག བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཡོངས་སྙོམས་སྒྲིག་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ཉེན་ཁ་དང་འགྲན་རྩོད། འགལ་རྐྱེན་དང་དཀའ་ངལ་སྣ་ཚོགས་ལ་དུས་ཐོག་ཏུ་ཁ་གཏད་བཅག་པའི་འབྲས་བུ་ཡིན་པ། དེ་ནི་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཡིན། དེ་དང་འདྲ་བར་ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལྟར། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། ཕྱོགས་ཁག་གི་ལམ་ལུགས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་སྐུལ་སློང་བྱེད་པ། ནང་རྐྱེན་འགུལ་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ནུས་པ་ཆེ་རུ་གཏོང་བ། སྲིད་གཞུང་གི་སྤྱི་ཡོངས་སྙོམས་སྒྲིག་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱ་དགོས་ཞེས་གསུངས་འདུག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀོ་ཅིན་ལུང་པེ་ཅིན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། དུས་སྐབས་གསར་པའི་སྐབས་ཀྱི་རྒྱལ་སའི་ལས་དོན་ཡག་པོ་སྒྲུབ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་པེ་ཅིན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱིས་ཁྲིད་སྟོན་བྱས་ཐོག སྲིད་གཞུང་ལས་དོན་སྙན་ཞུའི་ནང་བསྟན་པའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱལ་སའི་གྲོང་ཁྱེར་འཐབ་ཇུས་གཏན་འཁེལ་གྱི་བླང་བྱ་ལྟར། རྒྱལ་སའི་ལྟེ་བའི་ནུས་པར་གཞིགས་ནས་གོང་སྤེལ་ལ་དམ་འཛིན་བྱེད་པ་དང་། གྲོང་ཁྱེར་འཛུགས་བསྐྲུན་གྱི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། པེ་ཅིན་དང་ཐན་ཅིན་ཧོ་པེ་བཅས་ཀྱི་རོགས་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྦགས་བཙོག་བཅོས་སྐྱོང་དང་ལྷག་པར་དུ་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བཅས་བྱས་ནས། རྒྱལ་སའི་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་འགན་སྲུང་དང་། པེ་ཅིན་དེ་ཉིད་རྒྱལ་སྤྱིའི་འཆམ་མཐུན་བདེ་གནས་ཀྱི་རྒྱལ་ས་རྩེ་གྲའི་གྲས་སུ་འགྱུར་བ་བྱ་དགོས་ཞེས་གསུངས་འདུག

རྒྱལ་དོན་ཨུ་ཡོན་ཝང་ཡུང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། ཁོང་གིས། འདས་པའི་ལོ་གཅིག་ནང་རྒྱལ་སྤྱིའི་དཔལ་འབྱོར་རྒྱུན་མཐུད་ངང་ཆུ་ཚད་སྐྱོ་པོར་གནས་པའི་ཁོར་ཡུག་འོག རང་རྒྱལ་གྱི་དཔལ་འབྱོར་མུ་མཐུད་བརྟན་པོ་དང་ཅུང་མགྱོགས་པོའི་སྒོ་ནས་གོང་འཕེལ་ཕྱིན་ཡོད་པ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་པ་དང་ཕྱོགས་བསྡུས་རྒྱལ་སྟོབས་མངོན་་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡང་དག་པའི་འགོ་ཁྲིད་དང་། ཚན་རིག་དང་མཐུན་པའི་ཇུས་འགོད་གནང་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། ད་ལོ་ནི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་རེད། ང་ཚོར་ངེས་པར་དུ་བློ་ཐག་རྦད་བཅད་ཀྱི་ཆོད་སེམས་ཡོད་དགོས་པ་དང་། སྲིད་གཞུང་གིས་རང་ངོས་ནས་འགོ་བཙུགས་ཏེ་སྣེ་ཁྲིད་ཐོག གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཐག་གཅོད་སྔར་ལས་ལྷག་པ་བྱེད་པ་དང་། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་ལ་མཐོང་དེ་བས་ཆེ་བ་བྱེད་པ། གཞི་རྩ་འགན་སྲུང་དང་། དྲ་བ་ཡག་པོ་སྦྲེལ་ནས། མི་དམངས་མང་ཚོགས་ལ་དེ་བས་ཡག་པའི་སྤྱི་ཚོགས་འགན་སྲུང་དང་སྤྱི་ཚོགས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་དགོས་ཞེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག