མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཁ་ཤས་ཀྱིས་ཡོན་ནན་ཁུན་མེན་གྱི་གསུམ་པའི་ཚེས་གཅིག་ཉིན་གྱི་དྲག་ཤུགས་འཇིགས་སྐུལ་གྱི་དོན་རྐྱེན་ཚབ་ཆེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོན་ནན་ཁུན་མེན་གྱི་གསུམ་པའི་ཚེས་གཅིག་ཉིན་གྱི་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ཚབ་ཆེན་བྱུང་རྗེས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཁ་ཤས་ཀྱིས་རྒོལ་གཏམ་དྲག་པོ་བཏངས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འཚམས་འདྲིའི་གློག་འཕྲིན་བཏང་སྟེ། བསམ་བཞིན་དུ་རྩ་འཛུགས་བྱས་པའི་ནག་ཉེས་ཀྱི་ཁྲིམས་འགལ་བྱ་སྤྱོད་འདིའི་རིགས་ལ་འགྱུར་བ་མེད་པའི་སྒོ་ནས་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་མཉམ་ལས་སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་འདོད་ཡོད་ཟེར། ཕུའུ་ཅིན་གྱིས་ཐེངས་འདིའི་འཇིགས་སྐུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ཀྱི་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་བྱས་པར་མ་ཟད། རྨས་མ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བར་རེ་བ་བྱེད་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་གསལ་སྒྲོག་སྤེལ་ཏེ་ཐེངས་འདིའི་ཉེས་མེད་མི་སེར་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཉེས་མེད་མི་སེར་དམར་གསོད་གཏོང་བར་ཁ་གཡར་ས་གང་ཡང་བཙལ་མི་ཆོག་ལ། ཉེས་ཅན་ཡོད་ཚད་རེ་རེ་བཞིན་ཁྲིམས་ལ་སྦྱོར་དགོས་ཟེར། ཕན་ཅི་ཝུན་གྱིས་འདས་པོའི་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་བྱས་པར་མ་ཟད། རྨས་མ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཧྥ་རིན་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་ཉེས་མེད་མི་སེར་མང་པོར་དམིགས་པའི་ཁྲག་བཞུར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། རྒྱུ་མཚན་གང་རུང་བཙལ་ནས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་གཏན་ནས་རྒྱབ་སྐྱོར་བྱེད་མི་རུང་ཞེས་བསྟན། ཧྥ་རིན་སི་ཕྱོགས་ཀྱིས་གནོད་འཚེ་ཐེབས་མཁན་གྱི་ཁྱིམ་མི་ཡོངས་ལ་འཚམས་འདྲི་བྱས་པ་དང་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སོ་སོར་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ལ་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཐེངས་འདིའི་ཤི་རྨས་ཚབ་ཆེན་བྱུང་བའི་དྲག་ཤུགས་འཇིགས་སྐུལ་གྱི་དོན་རྐྱེན་ཚབ་ལ་ཧ་ལས་ཡོད་པར་མ་ཟད། འདི་ལྟ་བུའི་གདུག་རྩུབ་ཀྱི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཀྲུང་གོའི་ཕྱོགས་ལ་འཚམས་འདྲི་དང་རྐྱེན་ལམ་དུ་ཤོར་མཁན་ཡོངས་ལ་མྱ་ངན་ཞུས་པར་མ་ཟད། གནོད་འཚེ་ཐེབས་མཁན་གྱི་ཁྱིམ་མི་ཡོངས་ལ་ཆེད་དུ་འཚམས་འདྲི་བྱས།

ཀྲུང་གོར་སྡོད་པའི་འཇར་པན་གཞུང་ཚབ་ཁང་དང་འཇར་པན་ཕྱི་དོན་ཞིང་ཆེན་གྱིས་སོ་སོར་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བརྒྱུད་ནས་ཐེངས་འདིའི་འཇིགས་སྐུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུས།

ཏའོ་མུས་ཉི་ཁིའི་ཙུང་ལི་སི་ཁེ་ལིས་ཐིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ཡོངས་ལ་མྱ་ངན་ཞུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག