མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་བསྡུས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-01 10:44

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་བསྡུས་པ་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་བཅོས་སྒྱུར་གྱི་ལས་འགན་ཡོངས་འགྲུབ་བྱེད་པར་ད་དུང་ལོ་བདུན་གྱི་དུས་ཚོད་ཡོད་པ་དང་། མགོ་བརྩམས་པ་བཟང་མིན་གྱིས་མཇུག་འབྲས་ཐག་གཅོད་ཐུབ་ལ། ད་ལོའི་བྱ་བ་དམ་འཛིན་བྱས་པ་ཅི་འདྲ་ཡིན་པ་དང་མགོ་བརྩམས་པ་བཟང་མིན་དེར་དོན་སྙིང་གལ་ཆེན་ལྡན་པས། དངོས་འབེབ་དམ་འཛིན་དེ་བཅོས་སྒྱུར་གྱི་བྱ་བ་སྤེལ་བའི་གནད་ས་རུ་བརྩིས་ཏེ། དམ་འཛིན་ལེགས་འཛིན་དང་བརྟན་བརླིང་སྒོས་སྤེལ་ནས་ཕན་འབྲས་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་འདུར་ཞུགས།

    ཚོགས་འདུའི་སྟེང«ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་བཅུ་བཞི་ལོའི་བྱ་བ་གཙོ་བོར»གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། «ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཏོན་པའི་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་རེ་བ་དང་ལས་འགན་སྐོར་གྱི་ཞིབ་འཇུག་བསམ་འཆར»དང་། «དཔལ་འབྱོར་སྒྲིག་སྲོལ་དང་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ཆེད་དོན་ཚན་ཆུང་གི་བཅོས་སྒྱུར་གལ་ཆེན་སྐོར་གྱི་ཡར་ཞུ» «རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི ཁྲིམས་འཛུགས་སྒྲིག་སྲོལ་དང་སྤྱི་ཚོགས་སྒྲིག་སྲོལ་བཅོས་སྒྱུར་སྐོར་གྱི་བསམ་འཆར་དང་ལག་བསྟར་ལས་བགོས་ཇུས་གཞི»བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་མ་ཟད། ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོའི་ཚུན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་བཅོས་སྒྱུར་བྱ་བའི་འཕེལ་རིམ་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བ་བཀོད་སྒྲིག་བྱས།

    ཞི་ཅིན་ཕེན་གྱིས་བཅོས་སྒྱུར་གལ་ཆེན་ཚང་མར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་དགོས་ཏེ། བཅོས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་བཅའ་ཁྲིམས་ཀྱི་བསམ་གཞིགས་དང་བཅའ་ཁྲིམས་ཀྱི་ཐབས་ཤེས་སྤྱོད་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་། བཅའ་ཁྲིམས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་འདོན་པ། འབྲེལ་ཡོད་ཁྲིམས་འཛུགས་བྱ་བའི་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ་བཅའ་ཁྲིམས་ཀྱི་ལམ་ནས་བཅོས་སྒྱུར་སྤེལ་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་གསུངས།

    ཞི་ཅིན་ཕེན་གྱིས་བཅོས་སྒྱུར་གལ་ཆེན་དང་ལྷག་པར་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བའི་བཅོས་སྒྱུར་གྱི་ཇུས་ཆོད་ཡིན་ཚེ། སྤྱི་ཚོགས་བརྟན་འཇགས་དཔྱད་ཞིབ་སྒྲིག་སྲོལ་འཛུགས་དགོས། འབྲེལ་བ་རྙོག་འཛིང་ཡིན་པ་དང་ཁེབས་རྒྱ་ཆེ་བ། འགལ་བ་འབུར་ཐོན་ཡིན་པ་བཅས་ཀྱི་བཅོས་སྒྱུར་ལ་འཕྲད་ཚེ། དུས་ལྟར་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ངོ་མ་ཅི་འདྲ་ཡིན་པ་དང་། མང་ཚོགས་ཀྱི་རེ་བ་ཅི་ཞིག་ཡིན་པ། བཅོས་སྒྱུར་གྱིས་མང་ཚོགས་ལ་ཁེ་ཕན་ཅི་ཙམ་བསྐྲུན་ཐུབ་པ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། མི་དམངས་ཀྱི་ཁེ་ཕན་ལ་དམིགས་ཏེ་ཇུས་གཞི་འགོད་པ་དང་བྱེད་ཐབས་གཏན་འབེབ་བྱས་ཏེ་བཅོས་སྒྱུར་སྤེལ་དགོས། ཚན་རིག་གི་དཔྱད་ཞིབ་སྒྲིག་སྲོལ་བཙུགས་ཏེ། བཅོས་སྒྱུར་གྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱེད་དགོས། བཅོས་སྒྱུར་སྤེལ་བའི་འཕེལ་རིམ་གསར་བ་དང་ཕན་འབྲས་གསར་བ་དྲིལ་སྒྲོག་རྒྱ་ཆེན་བྱས་ཏེ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྣང་ཚུལ་བཟང་པོ་བསྐྲུན་དགོས་ཞེས་གསུངས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག