མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱིས་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་པ་དང་། ནན་ཅིན་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ནས་མཆོད་འབུལ་ཞུ་བའི་ཉིན་མོ་བཙུགས་པར་སྤྱི་ཚོགས་ལས་རིགས་ཁག་གིས་ལན་ཆ་ཡག་པོ་བྱས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།    2014-03-01 10:43

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་༢༧ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པས་གཏན་འབེབས་གཉིས་ལ་གྲོས་འཆམ་བྱས་ནས། སྤྱི་ཟླ་༩པའི་ཚེས་༣ཉིན་གྱི་ཉིན་མོ་དེ་ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ་དང་། སྤྱི་ཟླ་༡༢པའི་ཚེས་༡༣ཉིན་གྱི་ཉིན་མོ་དེ་ནན་ཅིན་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ནས་མཆོད་འབུལ་ཞུ་བའི་ཉིན་མོར་གཏན་འཁེལ་བྱས་ཡོད།

    གཏན་འབེབས་དེ་གཉིས་པོ་ཁྱབ་བསྒྲགས་བྱས་མ་ཐག་སྤྱི་ཚོགས་ལས་རིགས་ཁག་གིས་ལན་ཆ་བཟང་པོ་བྱས་ཡོད།

    ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་གི་འགོ་འཛིན་གཞོན་པ་ཧོང་རེན་ཝེ་ནས་སྤྱི་ལོ་༢༠༡༥ལོ་ནི་འཛམ་གླིང་ཐོག་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་དང་ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་༧༠འཁོར་བའི་ལོ་ཞིག་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་༧༠འཁོར་བའི་ལོ་ཞིག་ཀྱང་རེད། ཀྲུང་གོས་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་རྣམ་པའི་ཐོག་ནས་འབྲེལ་ཡོད་དྲན་གསོའི་ཉིན་མོ་དང་མཆོད་འབུལ་ཞུ་བའི་ཉིན་མོ་གཏན་འཁེལ་བྱས་པ་དེ་ནི་འཛམ་གླིང་ལ་ལོ་རྒྱུས་ལ་བརྩི་འཇོག་དང་། ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པའི་རྨང་གཞིའི་ཐོག་ལངས་ཕྱོགས་བརྟན་པོ་བཟུང་བ་དང་། ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་དགོས་པ་གསལ་བཤད་བྱས་ཡོད་ཅེས་གསུངས་པ་རེད།

    ལེའོ་ཉིང་ཞིང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བ་ཝང་ཅན་ཞོལ་གྱིས་རྒྱལ་ཁབ་ཀྱིས་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་དང་། ནན་ཅིན་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ནས་མཆོད་འབུལ་ཞུ་བའི་ཉིན་མོ་གཏན་འཁེལ་བྱས་པ་དེས་ལྗར་འགོག་ལོ་རྒྱུས་མི་རིགས་ཀྱི་ཡིད་ལ་བརྟན་པོར་ངེས་ཐུབ་རྒྱུ་ཡིན་པའི་ངོས་འཛིན་གནང་བ་རེད།

    ཀྲུང་གོ་མི་དམངས་སློབ་ཆེན་གྱི་མཚན་ཉིད་རིག་པའི་སློབ་གླིང་གི་སློབ་མ་ཝུན་ཧེན་གྱིས་དྲན་གསོའི་ཉིན་མོ་དང་མཆོད་འབུལ་ཞུ་བའི་ཉིན་མོ་གཏན་འཁེལ་བྱས་པའི་ཐོག་ནས་ང་ཚོ་དང་ང་ཚོའི་རྗེས་རབས་པ་ཚོས་ལོ་རྒྱུས་དེ་ཡིད་ལ་ངེས་པ་དང་། ལོ་རྒྱུས་ཐོག་ནས་ཉམས་མྱོང་དང་བསླབ་བྱ་ཐོབ་པ་བྱེད་པ། ཆུང་བྱིས་པའི་དུས་ནས་ལོ་རྒྱུས་ལ་ངོས་འཛིན་གསལ་པོ་ཡོང་ཐུབ་པ། སྔར་སོང་ལོ་རྒྱུས་ཤེས་རྟོགས་དང་དཔྱད་གཞིར་འཛིན་ཚེ་ང་ཚོས་གཞི་ནས་འབད་བརྩོན་བྱེད་པའི་ཁ་ཕྱོགས་སྔར་བས་གསལ་པོ་ཡོང་ཐུབ་པ་དང་། གོད་ཆག་དེའི་ཁྲོད་ནས་མདུན་སྐྱོད་ཀྱི་སྒུལ་ཤུགས་ཐོབ་སྲིད་ཅེས་བཤད་ཡོད་པ་རེད།

    པེ་ཅིན་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་མ་ཧན་ཁྲའོ་ཡིས་དེང་རབས་ཀྱི་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་པའི་ངོས་ནས། ང་ཚོས་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་། ལྗར་འགོག་དམག་འཁྲུག་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་བྱེད་མཁན་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱས་པའི་རླབས་ཆེའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་འཛིན་བྱེད་པ། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ། འབད་བརྩོན་ཆེན་པོས་འཇོན་ཐང་ཅན་ལ་འགྱུར་བ་བྱས་ཏེ། རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག