མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ལྐོག་རྔན་སྤྲད་ནས་དཔོན་གནས་ཉོ་བའི་གྱོད་གཞི་གསུམ་བརྡ་ཁྱབ་བཏང་བ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-01 10:43

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་12380ཐེར་འདོན་དྲ་ཚིགས་ཐོག་སྤྱི་ཚེས་28ཉིན་འབྲེལ་ཡོད་ས་ཁུལ་དང་ཚན་པས་ཞིབ་བཤེར་ཐག་གཅོད་ཐུབ་པའི་ལྐོག་རྔན་སྤྲད་ནས་དཔོན་གནས་ཉོ་བའི་གྱོད་གཞི་ཁག་གསུམ་ཡོངས་བསྒྲགས་ཐོག་བརྡ་ཁྱབ་བཏང་ཡོད་པ་དང་། དེ་དག་ཁག་སོ་སོ་ནི། ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཟུར་པ་ཙེང་ལུའུ་ཡི་གྱོད་གཞིའི་ནང་འབྲེལ་ཡོད་མི་སྣས་ལྐོག་རྔན་སྤྲད་ནས་དཔོན་གནས་ཉོས་པ་དང་། ཅང་ཞི་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཟུར་པ་ཝུ་ཀྲི་མིང་གི་གྱོད་གཞིའི་ནང་འབྲེལ་ཡོད་མི་སྣས་ལྐོག་རྔན་སྤྲད་ནས་དཔོན་གནས་ཉོས་པ། ཀྲུང་གོའི་འབྲུ་རིགས་གསོག་འཇོག་དོ་དམ་ཀུང་སིའི་ཧོ་ནན་ཡན་ལག་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཟུར་པ་ལི་གྲང་ཤོན་གྱི་གྱོད་གཞིའི་ནང་འབྲེལ་ཡོད་མི་སྣས་ལྐོག་རྔན་སྤྲད་ནས་དཔོན་གནས་ཉོས་པ་བཅས་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རྩ་འཛུགས་མི་དོན་སྒྲིག་ལམ་སྔར་བས་དམ་དུ་གཏོང་རྒྱུ་དང་། སྒྲིག་སྲོལ་ལས་འགལ་ཏེ་མི་བེད་སྤྱོད་གཏོང་བའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། གཅིག་ཤེས་རྟོགས་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དང་། སྒྲིག་སྲོལ་ལས་འགལ་ཚེ་ཞིབ་བཤེར་བྱ་རྒྱུ། འགན་འཁྲི་ཡོད་ཚེ་འཁུར་ཏུ་འཇུག་རྒྱུ་ཡིན་པ་དང་ཆབས་ཅིག སྒྲིག་སྲོལ་ལས་འགལ་ཏེ་མི་བེད་སྤྱོད་གཏོང་བའི་དཔེ་མཚོན་གྱོད་གཞི་ཞིབ་བཤེར་ཐག་གཅོད་ཐུབ་པའི་བརྡ་ཁྱབ་ཐེར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས། ཉེན་ཟོན་སློབ་གསོ་དང་འཇིགས་སྐུལ་ནུས་པ་ཐོན་པ་བྱ་རྒྱུ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ཞིབ་བཤེར་དངོས་དང་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱོད་གཙང་དང་རྣམ་པ་ཡག་པའི་མི་བེད་སྤྱོད་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག