མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-01 10:43

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཞི་ཅིང་ཕིང་གིས་སྤྱི་ཟླ་2པའི་ཚེས་28ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་ཡོད་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་ཡོད་པ་རེད། ཁོང་གིས་ཁྱོན་ཡོངས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་བསྒྱུར་བཅོས་ལས་འགན་ལེགས་གྲུབ་ཐུབ་པའི་བར་དུས་ཚོད་ལོ་བདུན་ཡོད། འགོ་འཛུགས་ས་ནས་རྗེས་མའི་བརྒྱུད་རིམ་ཐག་གཅོད་ཐུབ་ཀྱི་ཡོད་པས། འདི་ལོའི་ལས་ཀར་དམ་འཛིན་གང་འདྲ་བྱས་མིན་གྱིས་འགོ་ཡག་པོ་འཛུགས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱ་རྒྱུ་དེ་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལ་བརྩིས་ནས། དམ་འཛིན་ཡག་པོ་དང་གོ་རིམ་ལྡན་པའི་ངང་ནུས་འབྲས་དངོས་ཐོབ་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། གྲོས་ཚོགས་ཐོག ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ལོ་2014ལོའི་ལས་ཀའི་གཙོ་གནད་ཅེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གཏན་འབེབས་ནང་བཏོན་པའི་ཁྲིམས་འཛུགས་ལས་དོན་ཐད་ཀྱི་བླང་བྱ་དང་ལས་འགན་སྐོར་གྱི་ཞིབ་འཇུག་བསམ་འཆར་ཞེས་པ་དང་། དཔལ་འབྱོར་ལམ་ལུགས་དང་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་བསྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་བསྒྱུར་བཅོས་གལ་ཆེན་སྐོར་གྱི་སྙན་ཞུ་ཞེས་པ། རིག་གནས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ལག་བསྟར་ཇུས་གཞི་ཞེས་པ། ཁྲིམས་འཛིན་ལམ་ལུགས་དང་སྤྱི་ཚོགས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བསམ་འཆར་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལས་བགོས་ཇུས་གཞི་ཞེས་པ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་ས་གནས་ཁག་དང་ཚན་པ་ཁག་གི་བསྒྱུར་བཅོས་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་མ་ཟད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་བཀོད་སྒྲིག་བྱས་ཡོད་པ་རེད།

    ཞི་ཅིང་ཕིང་གིས་གསུང་བཤད་གནང་སྐབས། གྲོས་ཚོགས་ཐོག་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བའི་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ལོ་2014ལོའི་ལས་ཀའི་གཙོ་གནད་ཅེས་པའི་ནང་འདི་ལོའི་བསྒྱུར་བཅོས་ཀྱི་ལས་འགན་དང་གཙོ་གནད་ཁ་གསལ་བཏོན་ཡོད་པས། ལས་ཀའི་གཙོ་གནད་ནང་གཏན་འཁེལ་བྱས་པའི་ལས་འགན་ཁག་རིམ་པ་བཞིན་འགན་འཁྲིའི་ཚན་པ་དང་འགན་འཁྲི་ཁུར་མཁན། དུས་ཚོད་ཀྱི་འཕེལ་རིམ་བཅས་ཁ་གསལ་བཟོ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ཚན་པའི་འབྲེལ་ཡོད་ལས་ཁུངས་ནས་ལས་ཀའི་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་ཚན་པས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གཏན་འབེབས་ཀྱི་གལ་ཆེའི་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལས་བགོས་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་ལས་ཀའི་ལས་འགན་ལ་ཁྱོན་ཡོངས་ནས་གསལ་འགྲོལ་ཐེངས་གཅིག་བྱེད་པ་དང་། འགན་འཁྲི་སྔར་བས་ཆེ་རུ་གཏོང་བ། ལས་བགོས་ཁ་གསལ་བྱེད་པ། ལས་ཀའི་གཙོ་གནད་མི་ནོར་བ་བཅས་བྱས་ཏེ་ཞིབ་དཔྱད་བྱེད་ཆོག་པའི་གྲུབ་འབྲས་ཀྱི་རྣམ་པ་དང་དུས་ཚོད་ཀྱི་འཕེལ་རིམ་བཀོད་སྒྲིག་བཏོན་དགོས། འདི་ལོ་ཆ་རྐྱེན་མི་ཚང་བ་དང་། གནས་སྐབས་རིང་ལག་བསྟར་བྱེད་མི་ཐུབ་པའི་བསྒྱུར་བཅོས་ལས་འགན་ལ་ཆ་རྐྱེན་བསྐྲུན་པ་དང་དུས་མཚམས་གོང་མའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་ནས་དུས་ཚོད་སླེབས་སྐབས་ལག་བསྟར་བྱེད་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག