མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་ཆེད་དུ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཡར་ཞུ་ལ་ཉན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-28 12:04

ཟླ2པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་དུ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཡར་ཞུ་ལ་ཉན་པ་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས26ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་དུ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཡར་ཞུ་ལ་ཉན། ཁོང་གིས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་ནི། མ་འོངས་པར་ཁ་ཕྱོགས་ནས་རྒྱལ་སའི་དཔལ་འབྱོར་ར་བ་གསར་བ་བསྐྲུན་པ་དང་ས་ཁོངས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་སྒྲིག་ལུགས་གསར་སྐྲུན་བྱེད་པའི་དགོས་མཁོ་ཡིན་ལ། གྲོང་ཁྱེར་ཚོགས་ཀྱི་བཀོད་པ་དང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བར་འཚོལ་ཞིབ་བྱེད་པ་དང་གསར་སྤེལ་ས་ཁོངས་ཀྱི་འཕེལ་རྒྱས་ལེགས་སྒྱུར་བྱེད་པར་མ་དཔེ་འདོན་པའི་དགོས་མཁོ་ཡིན་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་མི་གྲངས་དང་དཔལ་འབྱོར། ཐོན་ཁུངས། ཁོར་ཡུག་བཅས་མཐུན་སྦྱོར་ཡོང་བར་ཡར་སྐུལ་བྱེད་པའི་དགོས་མཁོ་ཡིན་པ་དང་། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱིས་ཕན་ཚུན་བར་ཁྱད་སྟོབས་ཁ་གསབ་བྱེད་པ་དང་པོ་ཧེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་ཡར་སྐུལ་དང་བྱང་ཕྱོགས་དབུས་སའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་དགོས་མཁོ་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ། གཟབ་ནན་སྐུལ་སྤེལ་བཅས་རྒྱུན་འཁྱོངས་བྱས་ཏེ། མྱུར་དུ་ཚན་རིག་དང་མཐུན་ཞིང་རྒྱུན་སྲིང་ཡིན་པའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཞུགས་མོལ་ཚོགས་འདུར་ཞུགས།

ཞི་ཅིན་ཕེན་གྱིས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་ན། རང་སོ་སོའི་ཁྱད་སྟོབས་བསྡུར་བར་རྐང་འཛུགས་པ་དང་། དེང་རབས་ཐོན་ལས་ཀྱི་ལས་བགོའི་རེ་བར་རྐང་འཛུགས་པ། ས་ཁོངས་ཁྱད་སྟོབས་ཕན་ཚུན་ཁ་གསབ་བྱེད་པའི་རྩ་དོན་ལ་རྐང་འཛུགས་པ། མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་ལ་རྐང་འཛུགས་པ་བཅས་བྱས་ཏེ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པ་གཞི་རྐང་དུ་འཛིན་པ་དང་། ས་ཁོངས་ལས་བགོ་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་གཙོ་གནད་དུ་བརྩི་བ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་དང་བར་སྟོང་ལ་གཅིག་གྱུར་གྱིས་འཆར་འགོད་དང་བཀོལ་སྤྱོད་བྱེད་པ་བརྗོད་བྱ་རུ་བརྩི་བ། ཡུན་རིང་ཕན་པའི་སྒྲིག་སྲོལ་འཛུགས་པ་ཐབས་ཤེས་སུ་བརྩི་བ་བཅས་བྱས་ཏེ། ཡངས་ཚད་དང་ཟབ་ཚད་ཀྱི་སྟེང་ནས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕེན་གྱིས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བར་ཐུགས་རེ་བདུན་བཏོན་པ་སྟེ། གཅིག མཐོ་ཚད་ནས་ཇུས་འགོད་ལ་ཧུར་ཐག་གིས་ཤུགས་སྣོན་དགོས། གཉིས། མཐུན་སྦྱོར་འཕེལ་རྒྱས་ཀྱི་སྐུལ་འདེད་ལ་ཧུར་ཐག་གིས་ཤུགས་སྣོན་དགོས། གསུམ། ཐོན་ལས་སྦྲེལ་མཐུན་མཐུན་སྦྱོར་ཧུར་ཐག་གིས་མྱུར་དུ་སྤེལ་དགོས། བཞི། གྲོང་ཁྱེར་གྱི་བཀོད་པ་དང་བར་སྟོང་གི་གྲུབ་ཚུལ་ཧུར་ཐག་གིས་ལེགས་སྒྲིག་བྱེད་དགོས། ལྔ། ཁོར་ཡུག་གི་ཤོང་ཚད་དང་སྐྱེ་ཁམས་བར་སྟོང་ཧུར་ཐག་གིས་རྒྱ་བསྐྱེད་དགོས། དྲུག དེང་རབས་ཅན་གྱི་འགྲིམ་འགྲུལ་དྲ་རྒྱ་མ་ལག་ཧུར་ཐག་གིས་འཛུགས་དགོས། བདུན། ཁྲོམ་ར་གཞི་གཅིག་ཅན་གྱི་འཕེལ་རིམ་ཧུར་ཐག་གིས་མྱུར་དུ་སྤེལ་དགོས་པ་བཅས་རེད།

ཞི་ཅིན་ཕེན་གྱིས་མཇུག་མཐར་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། གནད་དོན་འདི་རྒྱལ་ཁབ་ཀྱི་འཐབ་ཇུས་རིམ་པར་བཞག་སྟེ་ངོས་འཛིན་བྱེད་དགོས། ཚང་མས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོེད་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་པ་བརྒྱུད་དེ་སྒྲིག་སྲོལ་སྒྲིག་ལུགས་གསར་བ་ཆགས་པར་བྱེད་པའི་སྤོབས་པ་ཇེ་ཆེར་བཏང་སྟེ། མུ་མཐུད་ཞིབ་འཇུག་དང་བསམ་ཕྱོགས་གསལ་སྒྱུར། ཇུས་གཞི་གཏན་ཁེལ། མྱུར་དུ་སྐུལ་སྤེལ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག