མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧྥ་རན་སི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥ་པིས་ཡུག་སི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:12

ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥ་པིས་ཡུག་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥ་པིས་ཡུག་སི་ལ་མཇལ་འཕྲད་གནང་། ཧྥ་པིས་ཡུག་སི་ཡིས་ཙུང་ཐུང་ཨོ་ལང་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྙིང་ཉེ་བའི་འཚམས་འདྲི་ཞུ་བཞིན་ཡོད་པ་བརྒྱུད་བསྒྲགས་བྱས་པར་མ་ཟད། ཙུང་ཐུང་ཨོ་ལང་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་ཕན་ཚུན་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་འདོད་ཡོད་པ་དང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་བའི་དུས་སྐབས་ནང་དུ་ཧྥ་རན་སི་ལ་འཚམས་འདྲི་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན།

ཞི་ཅིན་ཕེན་གྱིས་ཧྥ་པིས་ཡུག་སི་བརྒྱུད་ནས་ཙུང་ཐུང་ཨོ་ལང་ཏི་ལ་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕེན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་མི་འགྱང་བར་ཙུང་ཐུང་ཨོ་ལང་ཏི་དང་ཡར་བསྐྱར་མཇལ་འཛོམས་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པ་དང་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འཁོར་བའི་ལོ་རེད། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ནང་རྐྱེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྒྱལ་སྤྱི་་དང་ས་གནས་ལས་དོན་ཁྲོད་ཀྱི་གཞོགས་འདེགས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་དགོས་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཧྥ་པིན་ཡུག་སི་ཡིས་བསྟན་དོན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མ་འོངས་བར་ཁ་ཕྱོགས་ཏེ་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། མི་གཞུང་། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གཞོགས་འདེགས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག