མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡེ་སོས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པའི་ཐད་ནས་ཨ་མེ་རི་ཁར་ཐ་ཚིག་དྲག་པོ་བསྒྲགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས21ཉིན་གྱི་དགོང་མོར། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡེ་སོས་ཀྱིས་མྱུར་དུ་ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཁཱང་ཏ་ལ་ཐུག་འཕྲད་བྱས་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཀྲུང་གོས་ངོ་རྒོལ་དྲག་པོ་བྱེད་པར་མ་འཛེམས་པར། བསམ་བཞིན་དུ་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པའི་ཐད་ནས་ཨ་མེ་རི་ཁ་ཕྱོགས་ལ་ཐ་ཚིག་དྲག་པོ་བསྒྲགས།

ཀྲང་ཡེ་སོས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁའི་ནོར་འཁྲུལ་གྱི་བྱ་སྤྱོད་དེས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་དང་། དེ་ཨ་མེ་རི་ཁས་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་ཅེས་པའི་དམ་བཅའ་དང་གཏན་ནས་འགལ་ཡོད་པ་དང་། རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་ཚད་གཞི་དང་གཏན་ནས་འགལ་ཡོད་ལ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་གནོད་པ་ཚབས་ཆེན་བསྐྱལ་ཡོད་པས། ཀྲུང་གོ་དེར་ཁོང་ཁྲོ་དྲག་པོ་ལངས་ཡོད་པ་དང་མཐའ་གཅིག་ཏུ་དེར་ངོ་རྒོལ་བྱས་པ་ཡིན་ཟེར།

ཀྲང་ཡེ་སོས་ཀྱིས་བཤད་རྒྱུར། བོད་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། བོད་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཤ་སྟག་ཡིན་པས་ཨ་མེ་རི་ཁར་དེར་ཐེ་གཏོགས་བྱེད་པའི་དབང་ཆ་མེད། ཀྲུང་གོ་དང་ཏཱ་ལའི་བླ་མ་བར་གྱི་འགལ་བ་ནི་མི་རིགས་ཀྱི་གནད་དོན་མིན་པ་དང་། ཆོས་ལུགས་ཀྱི་གནད་དོན་མིན་ལ། འགྲོ་མིའི་ཐོབ་ཐང་གི་གནད་དོན་ཡང་མིན་པར། མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་རྩ་བའི་གནད་དོན་གལ་ཆེན་ཡིན། ཀྲུང་གོས་ཕྱིའི་རྒྱལ་ཁབ་གང་རུང་གིས་ཏཱ་ལའི་བྲོས་བྱོལ་འཚམས་འདྲི་དང་ལེན་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་མགོ་གཙོ་གང་རུང་གིས་ཏཱ་ལར་ཐུག་འཕྲད་སྣ་ཚོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་འདོད་བློ་དང་ཆོད་སེམས་དེ་སུས་ཀྱང་སྒུལ་མི་ཐུབ་ཟེར།

ཀྲང་ཡེ་སོས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁས་ཕྱོགས་གཅིག་ནས་བོད་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་དང་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ་ཁས་བླངས་མོད། ཡིན་ནའང་ཕྱོགས་གཅིག་ནས་རང་གི་མགོ་ཁྲིད་པས་བོད་རང་བཙན་གཏོར་བཤིག་ཚོགས་པའི་མགོ་བ་གཙོ་བོ་ཏཱ་ལའི་བླ་མར་ཐུག་འཕྲད་བྱེད་པར་བཀོད་སྒྲིག་བྱས། ཨ་མེ་རི་ཁས་བསམ་བཞིན་དུ་འདི་ལྟར་བསྒྲུབ་ན། ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གཏོར་བརླག་ཚབས་ཆེན་ཐེབས་སྲིད་པར་མ་ཟད། ཨ་མེ་རི་ཁ་རང་གི་ཁེ་ཕན་ལ་ཡང་གནོད་ཆེན་པོ་བསྐྱལ་སྲིད་ཟེར།

ཀྲང་ཡེ་སོས་ཀྱིས་བཤད་རྒྱུར། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གཙོ་བོར་བརྩི་བཀུར་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བདེ་བླག་དང་བརྟན་འཇགས་ངང་གོང་འཕེལ་དུ་འགྲོ་བའི་གནད་འགག་ཡིན་པས། ང་ཚོས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་ལངས་ཕྱོགས་བརྟན་པོར་གཟབ་ནན་གྱི་རྣམ་འགྱུར་འཛིན་པ་དང་། བོད་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་དང་བོད་རང་བཙན་ལ་ངོ་རྒོལ་བྱེད་པའི་དམ་བཅའ་བརྩི་སྲུང་བྱས་ཏེ། མྱུར་དུ་བྱེད་ཐབས་སྤྱད་ནས་ཤུགས་རྐྱེན་ངན་པ་སེལ་བ་དང་། བོད་ཀྱི་གནད་དོན་བཀོལ་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་རྒྱུ་དང་། ཏཱ་ལའི་ཚོགས་པས་ཀྲུང་གོར་ངོ་རྒོལ་བྱེད་པའི་གཏོར་བཤིག་བྱ་འགུལ་རྒྱ་ཡན་དུ་གཏོང་མཚམས་དང་དེར་རྒྱབ་སྐྱོར་བྱེད་མཚམས་འཇོག་རྒྱུའི་འབོད་སྐུལ་དྲག་པོ་བཏང་བ་ཡིན། ཨ་མེ་རི་ཁས་ངེས་པར་དུ་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཡིད་ཆེས་སུ་འཇུག་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག