མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་ཨ་རིའི་ཙུང་ཐུང་ཨོ་པ་མ་ཡིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་ཚེས་ཉེར་གཅིག་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

གསར་འགོད་པས་ཁོ་ལ་བསྒྲགས་པའི་གནས་ཚུལ་ལྟར་ན་ཨ་རིའི་ཙུང་ཐུང་ཨོ་པ་མ་ཡིས་ཕོ་བྲང་དཀར་པོ་ནས་ཏཱ་ལའི་བླ་མར་དངོས་གཞི་མིན་པའི་ཐུག་འཕྲད་བྱས་སོང་ཟེར་བས། ཀྲུང་གོས་དེར་ལྟ་སྟངས་ཅི་འདྲ་བཟུང་ཡོད་ཅེས་དྲིས་པ་ན། ཆིན་ཀང་གིས་བཤད་རྒྱུར། ཉེ་བའི་དུས་སྐབས་ཤིག་ལ། ཀྲུང་གོས་ཏཱ་ལའི་བླ་མས་ཨ་མེ་རི་ཁར་བྲོས་བྱོལ་འཚམས་འདྲི་བྱེད་པའི་གནད་དོན་ལ་ཧ་ཅང་དོ་ཁུར་བྱེད་པའི་ཚུལ་དེ་ཨ་རི་ཕྱོགས་ལ་ཡང་ཡང་བསྟན་མོད། ཡིན་ནའང་དེ་རིང་ཨ་རིའི་ཙུང་ཐུང་ཨོ་པ་མ་ཡིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པས། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡེ་སོས་ཀྱིས་མྱུར་དུ་ཀྲུང་གོར་སྡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པར་ཐུག་འཕྲད་བྱས་ཏེ། ཨ་མེ་རི་ཁའི་ནོར་འཁྲུལ་གྱི་བྱ་སྤྱོད་དེར་ཐ་ཚིག་དྲག་པོ་བསྒྲགས་ཡོད་ཟེར།

ཁོས་བཤད་རྒྱུར། བོད་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། བོད་ཀྱི་དོན་དག་ནི་ཀྲུང་གོའི་ནང་སྲིད་ཤ་སྟག་ཡིན་པས། ཕྱིའི་རྒྱལ་ཁབ་གང་ལ་ཡང་དེར་ཐེ་གཏོགས་བྱེད་པའི་དབང་ཆ་མེད། ཏཱ་ལའི་བླ་མ་ནི་ཡུན་རིང་བོར་ཆོས་ལུགས་ཀྱི་དར་ཆ་བསྒྲེངས་ཏེ་ཀྲུང་གོར་ངོ་རྒོལ་བྱེད་པའི་གཏོར་བཤིག་བྱ་འགུལ་སྤེལ་བའི་ཆབ་སྲིད་ཡུལ་གྱར་བ་ཞིག་ཡིན་ལ། ཨ་མེ་རི་ཁས་ཏཱ་ལའི་བླ་མའི་བྲོས་བྱོལ་འཚམས་འདྲི་དང་ལེན་བྱས་པར་མ་ཟད་མགོ་ཁྲིད་པས་དེར་ཐུག་འཕྲད་བྱེད་པར་བཀོད་སྒྲིག་བྱས་པ་དེས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་དང་། དེ་ཨ་རིའི་སྲིད་གཞུང་རང་གིས་བཅས་པའི་བོད་ནི་ཀྲུང་གོའི་མངའ་ཁོངས་ཡིན་པ་དང་བོད་རང་བཙན་ལ་ངོ་རྒོལ་མི་བྱེད་པའི་དམ་བཅའ་དང་གཏན་ནས་འགལ་ཡོད་ལ། རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་ཚད་གཞི་དང་གཏན་ནས་འགལ་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་གནོད་ཚབས་ཆེན་བསྐྱལ་ཡོད་པས། ཀྲུང་གོ་དེར་ཁོང་ཁྲོ་དྲག་པོ་ལངས་ཡོད་པ་དང་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ཡིན་ཟེར།

ཆིན་ཀང་གིས་བཤད་རྒྱུར། ང་ཚོས་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་དོ་ཁུར་ལ་རྣམ་འགྱུར་ནན་མོ་བཟུང་ནས། ཀྲུང་གོར་ངོ་རྒོལ་བྱེད་པའི་བོད་རང་བཙན་གྱི་སྟོབས་ཤུགས་རྒྱ་ཡན་དུ་གཏོང་མཚམས་དང་དེར་རྒྱབ་སྐྱོར་བྱེད་མཚམས་འཇོག་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་སྟེ། མྱུར་དུ་བྱེད་ཐབས་སྤྱད་ནས་ཤུགས་རྐྱེན་ངན་པ་སེལ་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་གནོད་པ་སྔར་ལས་ཆེན་པོ་ཐེབས་སུ་མི་འཇུག་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག